ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

རེས་གཟའ་ལྷག་པ་ཉིན་ནས་རྩེ་ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་འགོ་ཚུགས་ཡོད་པ་རེད།


ཁ་ས་ཕྱི་ཟླ་བཅུ་པའི་ཚེས་༡༨ རེས་གཟའ་ལྷག་པ་ལྷག་དཀར་ཉིན་མོ་དང་བསྟུན་དད་ལྡན་མང་ཚོགས་རྒན་གཞོན་བརྒྱ་ཕྲག་བརྒལ་བས་མ་སྐུལ་དྭང་བླངས་གི་སྒོ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་ཆེན་པོ་པོ་ཏཱ་ལར་དཀར་རག་གསོལ་བཞིན་ཡོད་པ་རེད།

སྔར་སྲོལ་ལོ་ལྟར་བོད་ཟླ་དགུ་པ་ལྷ་བབ་དུས་ཆེན་གོང་ཕོ་བྲང་པོ་ཏཱ་ལ་དང་དགོན་སྡེ་ཁག་ལ་སྐུ་དཀར་གསོལ་བ་དང་ཆབས་ཅིག་མང་ཚོགས་ཀྱི་སྡོད་ཁང་ལ་ཡང་དཀར་རག་གཏོང་སྲོལ་ཡོད་པ་དང་སྔ་ལོ་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཕོ་བྲང་ལ་སྐུ་དཀར་གསོལ་རྒྱུ་བྱུང་མེད་པ་རེད་འདུག རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེ་ར་ཐེག་ཆེན་གླིང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་འདི་ལོ་དགུང་གྲངས་༩༤ ལ་ཕེབས་པའི་དགེ་འདུན་པ་རྒན་བློ་བཟང་ཡོན་ཏན་ལགས་ནི་དེ་སྔ་བོད་ནང་དུས་གྱུར་མ་བྱུང་སྔོན་ཕོ་བྲང་པོ་ཏཱ་ལར་སྐུ་དཀར་གསོལ་ཕྱོགས་དང་འབྲེལ་བའི་ཐད་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་ཁོང་གིས་གསུང་ན་ལོ་ལྟར་བོད་ཟླ་དགུ་པ་ལྷ་བབ་དུས་ཆེན་མ་སླེབ་གོང་ནས་ཕོ་བྲང་པོ་ཏཱ་ལ་དང་དགོན་སྡེ་ཁག་དེ་བཞིན་མང་ཚོགས་ཀྱི་སྡོད་ཁང་བཅས་ལ་དཀར་རག་གཏོང་སྲོལ་ཡོད་པ་དང་དེའི་རྒྱུ་མཚན་ནི་ལྷ་བབ་དུས་ཆེན་རྗེས་སུ་ལྷག་པ་ཆེན་པོ་རྒྱག་གི་ཡོད་པར་རྟེན་ནས་དེའི་གོང་དུ་བཏང་ཚར་བ་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོདགནང་སོང་།

དེ་བཞིན་ཕོ་བྲང་དཀར་པོ་ལ་སྐུ་དཀར་མ་གསོལ་གོང་སྔོན་ལ་ཕོ་བྲང་དམར་པོ་ལ་ཙག་དམར་པོ་གཏོང་བ་དང་དེ་རྗེས་ཕོ་བྲང་སེར་པོ་ལ་ཙག་སེར་པོ་གཏོང་གི་ཡོད་ཅིང་ཕོ་བྲང་དམར་པོ་དང་དཀར་པོ་ལ་གསོལ་རྒྱུའི་ཙག་དམར་པོ་དང་དཀར་རག་དེ་ཚོ་ཡང་བྱང་ཡང་པ་ཅན་དང་འབྲི་གུང་ཁུལ་ནས་ཁྱེར་ཡོང་གི་ཡོད་པ་དང་ས་གནས་གཞན་ནས་རག་གི་མེད་པ་སོགས་ངོ་སྤྲོད་གནང་།

ཡང་ཉེ་ལམ་ཟླ་བ་འདིའི་ཕྱི་ཚེས་༡༦ ཉིན་ཕོ་བྲང་པོ་ཏཱ་ལའི་དོ་དམ་ཁང་གིས་དད་ལྡན་མང་ཚོགས་ལ་སྐུ་དཀར་གསོལ་ཕྱོགས་དང་འབྲེལ་བའི་གསལ་བསྒྲགས་ཞིག་སྤེལ་འདུག དེའི་ནང་ནམ་རྒྱུན་མང་ཚོགས་ཀྱི་ངོས་ནས་སྐུ་དཀར་གྱི་རྒྱུ་ཆར་བསྲེས་པའི་འོ་མ་དང་། འོ་རྩམ། སྦྲང་རྩི། ཁ་ཆེ་ཤ་སྐམ་སོགས་གང་ཡོད་ལྷག་བསམ་དཀར་པོས་བསྐུལ་ཏེ་ཞལ་འདེབས་སུ་ཕུལ་གནང་མཛད་པར་ངེད་ཚོས་་དུས་དང་རྣམ་པ་ཀུན་དུ་ཐུགས་རྗེ་ཆེ་ཞེས་ཞུས་དང་ཞུ་མུས་ལ། ཡིན་ནའི་ལག་ལེན་རིང་ར་འཕྲོད་བྱུང་བར་གོང་གི་རྒྱུ་ཆ་དེ་དག་དཀར་རག་དང་མཉམ་དུ་བསྲེས་དྲགས་རྐྱེན་དཀར་རག་གི་རང་བྱུང་གི་རྩི་ལ་གནོད་པ་ཆེ་བ་སྟེ། དཀར་མདངས་ཉམས་པ་དང་། རུལ་སྐྱོན་བྱུང་སླ་བ། ལྷག་པར་དུ་དབྱར་ཁ་ཆར་ཞོད་ཆེ་བའི་དུས་སུ་དཀར་རག་གོོག་སླ་བ་སོགས་ཀྱིས་གནོད་སྐྱོན་ཡོང་གི་ཡོད། ཕོ་བྲང་གི་ཕྱིའི་མཛེས་སྡུག་གི་རྣམ་པ་རྒྱུན་དུ་གནས་ཐུབ་ཆེད་དང་ནང་གི་བཟོ་བཀོད་སོགས་ལའང་མངོན་ལྐོག་ཅི་རིགས་ཀྱི་ཉེས་སྐྱོན་མི་ཡོང་ཆེད། ད་ལོ་ཡང་ཕོ་བྲང་ལ་སྐུ་དཀར་གསོལ་སྐབས་རྣམ་པ་ལྷན་རྒྱས་ཀྱིས་གོང་གི་རྒྱུ་ཆ་འདི་རིགས་ཞལ་འདེབས་སུ་མ་བསྣམས་རོགས་ཞེས་ཡང་ཡང་ཞུ་གི་ཡིན་ཅེས་བཀོད་འདུག

ཡང་སྐུ་དཀར་གསོལ་སྐབས་དེའི་ནང་འོ་མ་དང་སྦྲང་རྩི་ཁ་ཆེ་ཤ་སྐམ་སོགས་བསྲེ་དགོས་དོན་དང་སྐུ་དཀར་གསོར་བར་ཉིན་གྲངས་ག་་ཚོད་འགོར་གྱི་ཡོད་མེད་སྐོར་ལ་གསར་འགོད་པས་ཕོ་བྲང་པོ་ཏཱ་ལའི་ཉམས་གསོ་ཚན་པའི་འགན་འཛིན་བློ་བཟང་ཕྱོགས་གླང་ལགས་སུ་བཀའ་དྲི་ཞུས་པའི་སྐབས་སུ་ཁོང་གིས་ཕོ་བྲང་དཀར་པོར་དཀར་རག་གསོལ་བར་སྤྱིར་བཏང་བྱས་ན་ཉི་མ8ནས9བར་འགོར་གྱི་ཡོད་རུང་། ན་ནིང་ཏོག་དབྱིབས་ནད་ཀྱིས་རྐྱེན་པས་ཕོ་བྲང་ལ་སྐུ་དཀར་གསོལ་ཐུབ་མེད། དེས་ན། ད་ལོ་དུས་ཚོད་ཅུང་མང་བ་འགོར་གྱི་རེད། ཕོ་བྲང་དམར་པོ་དང་སེར་པོར་ཆ་བཞག་ན་དུས་ཡུན་ཉིན1ཙམ་ལས་འགོར་གྱི་མེད་ཅེས་དང་དཀར་རག་ལ་འོ་མ་དང་། བྱེ་མ་ཀ་ར། སྦྲང་རྩི་ལ་སོགས་སྲེ་དོན་ནི་ཟས་ཀྱི་ཕུད་ཙམ་ཡིན་པ་ལས། དཀར་རག་གི་སྤུས་ཀ་དག་ཏུ་གཏོང་མི་ཐུབ་པའི་ཁར། ད་དུང་རྒྱུ་ཆ་མང་པོ་བསྲེས་དྲགས་ན་སྦྱར་ཤུགས་ལ་སྐྱོན་ངེས་ཅན་རྒྱག་གི་ཡོད་ཅེས་གསར་འགོད་པར་བརྗོད་འདུག

XS
SM
MD
LG