ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༥/༢༨

གཟའ་འཁོར་འདིར་བོད་༨༡་ལ་ནད་དུག་འགོས་པ་དང་མི་༡་ལ་འཆི་སྐྱོན།


༄༅།། ཕྱི་ཟླ་༡༠་པའི་ཚེས་༧་ཉིན་བོད་མིའི་སྒྲིག་འཛུགས་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་དང་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་གཉིས་ཀས་བདུན་ཕྲག་འདིར་རྒྱ་བལ་གཉིས་ཀྱི་བོད་པའི་སྤྱི་ཚོགས་སུ་མི་༨༡་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་དང་མི་༡་ལ་འཆི་སྐྱོན་བྱུང་སོང་། སྤྱིར་བདུན་ཕྲག་གསུམ་ཡས་མས་ཤིག་ནས་རྒྱལ་སྤྱི་དང་རྒྱ་གར་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་ཀྱང་རྒྱ་གར་ལ་ཕྱི་ཟླ་༡༠་པར་ཆོས་ཕྱོགས་ཀྱི་དུས་ཆེན་མང་པོ་སླེབས་ཀྱི་ཡོད་པ་དང་བོད་པའི་སྤྱི་ཚོགས་སུ་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཚུགས་ཡོད་པ་བཅས་ཀྱིས་གཟབ་གཟབ་བྱ་རྒྱུ་གནད་འགག་ཆེན་པོ་རེད་ཅེས་འབོད་སྐུལ་ཞུས་འདུག

མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་དང་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་གཉིས་ཀས་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཡག་ཏུ་འགྲོ་བཞིན་ཡོད་མིན་ལ་མ་སྟོད་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་རླབས་གསུམ་པ་ཞིག་འཕྱུར་སྲིད་པར་གྲ་སྒྲིག་བྱེད་བཞིན་ཡོད། ད་ཐེངས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཕྱོགས་སྐྱོད་དུ་ཕེབས་ནས་གཟིགས་རྟོག་ཅི་བྱུང་རྣམས་གསལ་བསྒྲགས་སྤེལ། སྨན་པ་བསྟན་འཛིན་རྣམ་གྲོལ་གྱིས་ད་ལྟའི་དུས་སུ་རྒྱ་གར་ལ་སྨན་ཁབ་རག་མིན་གྱི་དཀའ་ངལ་མེད་པར་མ་ཟད། སྨན་ཁབ་ཀྱི་ཕན་ཡོན་ཡང་ཚང་མས་མངོན་གསལ་འདོད་པོས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད། སྨན་ཁབ་བརྒྱབ་མེད་པ་ཚོས་ངེས་པར་དུ་སྨན་ཁབ་རྒྱག་དགོས་པའི་ནན་སྐུལ་ཞུས།།

འདས་པའི་ལོ་གཅིག་དང་ཕྱེད་ཀ་ཡས་མས་ཤིག་གི་རིང་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བར་གཞིགས་ན། རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་༦༦༠༡་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༡༥༡་ལ་འཆི་སྐྱོན། ད་ལྟ་སྨན་བཅོས་བྱེད་བཞིན་པ་༡༥༩་ཡོད་པ་དང་མི་༦༢༩༡་དྲག་སྐྱེད་བྱུང་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG