ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཏོག་དབྱིབས་ནད་དུག་གིས་གྲོངས་པ་ཚོར་ཚ་གསུར་ཀྱི་འདས་མཆོད།


༄༅།། ད་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་འཛམ་གླིང་ཁྱོན་ཡོངས་སུ་མི་༢༦༠༠༠༠་མ་ཟིན་ཙམ་ཞིག་འདས་གྲོངས་སུ་གྱུར་པ་དང་མི་༣༧༠༠༠༠༠་མ་ཟིན་ཙམ་ཞིག་ནད་མནར་དུ་གྱུར། དེར་བརྟེན་བོད་ནང་གི་གཞིས་ལུས་མི་མང་ཁག་ཅིག་གིས་འདས་པོ་ཚོར་མྱ་ངན་དང་ཚ་གསུར་ཕུད་ནས་འདས་མཆོད་སྒྲུབ་བཞིན་པའི་གནས་ཚུལ་ཏོན་འདུག འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བོད་ནང་གི་བོད་པ་ཞིག་གིས་བརྗོད་དོན་ལྟར་ན། ད་ལོ་ནད་ཡམས་འདིས་མི་མང་པོ་ཞིག་ལ་འཆི་སྐྱོན་བྱུང་ཡོད་པས་ཡར་དཀོན་མཆོག་ལ་མཆོད་པ་དང་མར་ངན་སློང་ལ་སྦྱིན་པ། གཤིན་པོ་རྣམས་ལ་ཕན་ཡོན་ཆེ་བ་ནི་ཚ་གསུར་ཡིན་ཞེས་གསུངས་པ་ཇི་བཞིན་བོད་ཀྱི་ས་འགའ་ཞིག་ལ་དྲྭ་ལམ་དུ་ཚོགས་པ་བཙུགས་ནས་ཟླ་བ་རེར་ཚ་གསུར་བརྒྱ་ཕྲག་ཁ་ཤས་ཐེངས་གསུམ་ལ་ཕུད་ནས་འདས་པོ་རྣམས་མྱ་ངན་དང་འདས་མཆོད་འབུལ་བའི་ལས་འགུལ་ཞིག་སྤེལ་འགོ་ཚུགས་འདུག ཚ་གསུར་ཕུད་ནས་འདས་མཆོད་འབུལ་ཡུལ་ནི་ས་གནས་བྱེ་བྲག་པ་ཞིག་མ་ཡིན་པར་མཚོ་སྔོན་ཞིང་ཆེན་གྱི་གཅན་ཚ་དང་མཚོ་ལྷོ་བཅས་སུ་ཚོགས་པའི་ནང་གི་ཚོགས་མི་ཚོས་དངས་བླངས་ཀྱིས་ཕྱོགས་ཁག་སོ་སོར་ཚ་གསུར་ཕུད་དུ་འཇུག་གི་འདུག་ཅེས་འགྲེལ་བརྗོད་བྱས་བྱུང་།།

འདི་དང་དུས་མཚུངས་སུ་བོད་ནང་གི་བོད་པ་གཞན་ཞིག་གིས་ལོ་འདིར་ཏོག་དབྱིབས་ནད་དུག་གིས་ཝུ་ཧན་གྲོང་ཁྱེར་གཅིག་པུར་མི་གྲངས་མང་པོ་ཞིག་འདས་གྲོངས་སུ་གྱུར་སོང་། དེ་བཞིན་བོད་ནང་གི་ས་ཁུལ་ཁ་ཤས་ལ་ནད་ཡམས་འདི་ཁྱབ་སྟེ་བོད་པ་ཅི་ཙམ་ལ་ནད་འདུག་འགོས་ནས་ནད་མནར་བྱུང་མིན་གྱི་གྲངས་འབོར་རྒྱ་ནག་གགཞུང་གིས་ཕྱིར་བསྒྲགས་བྱས་མ་སོང་། འོན་ཀྱང་སྐབས་དེར་ཟླ་བ་གཉིས་ཡས་མས་ཤིག་གི་རིང་དུ་འགྲོ་འོང་བཀག་སྡོམ་དང་ནད་ཡམས་ལ་གཟབ་དགོས་བའི་དངས་སྐྲག་ཆེན་པོ་སྐྱེས་བྱུང་། ད་ལྟ་དངོས་སུ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་འདུག་ཀྱང་ཞིང་ཆེན་དང་ཁུལ། རྫོང་སོགས་མི་ཚོགས་འདུ་འཛོམས་ཆེ་ས་ཁག་ཏུ་འགྲོ་དགོས་ན་ངེས་བར་དུ་ཁ་ཐུམ་བརྒྱབ་ནས་འགྲོ་དགོས་ཀྱི་འདུག ང་ཚོ་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་ནད་དུག་གིས་འཆི་སྐྱོན་བྱུང་བ་ཚོར་ཚ་གསུར་ཕུད་ནས་འདས་མཆོད་སྒྲུབ་དགོས་པ་དང་། ད་ལྟ་ནད་མནར་འོག་ཏུ་ཡོད་པ་རྣམས་མྱུར་དུ་དྲག་སྐྱེད་འབྱུང་བའི་སྨོན་ལམ་རྒྱག་དགོས་པ་ཞིག་རེད་ཅེས་བརྗོད་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བལ་ཡུལ་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG