ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

རྒྱ་གར་ལྷོ་ཕྱོཊ་སུ་ནོ་བྷེལ་ཞི་བདེའི་གཟེངས་རྟཊ་ཉིན་མོ་སྲུང་བརྩི།


བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་གོང་འཕེལ་ཆེད་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་བར་ཆེ་བསྟོད་ངོས་འཛིན་ཆེད་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་༡༩༨༩ ལོའི་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ཀྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་མགོན་པོ་གང་ཉིད་ལ་ཕུལ་གནང་མཛད་ཏེ། མི་ལོ་ཧྲིལ་པོ་༣༤ འཁོར་བ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་༧༥ འཁོར་བའི་དུས་དྲན་གཉིས་འཛོམས་ཀྱི་ཉིན་མོ་དེར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་གཉིས་ཀྱི་མང་ཚོགས་རྣམས་གཞིས་སྤྱི་རྒྱལ་བའི་ཕོ་བྲང་དུ་འཛོམས་ནས་དགའ་དད་སྤྲོ་གསུམ་ངང་ནས་དུས་དྲན་སྲུང་བརྩི་ཞུས་གནང་སོང་།

ལུགས་བསམ་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་ནས་དཔལ་ལྡན་བོད་མི་མང་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་བ་དང་། ཡང་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་ལགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་འཕྲིན་སྒྲོག་སྦྱངས་གནང་སོང་།

སྐུ་མགྲོན་གཙོ་བོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རིན་པོ་ཆེ་བཀྲིས་ཚེ་ཐར་ལགས་ནས་༸གོང་ས་སྐྱབས་མགོན་ཆེན་པོས་འཛམ་གླིང་ཞི་བདེ་དང་བོད་ཀྱི་རྩ་དོན་དང་ཆོས་དང་རིག་གཞུང་ཆེད་རླབས་ཆེན་མཛད་འཕྲིན་བསྐྱངས་པ་ཁག་ལུང་འདྲེན་དང་སྦྲགས། བོད་མི་ཚང་མས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་དྲན་ཤེས་དང་བཀའ་སློབ་ལམ་སྟོན་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གནང་དགོས་རྒྱུ་གལ་ཆེ་ཡིན་པའི་འབོད་སྐུལ་ཞུས་གནང་སོང་།

དེ་བཞིན་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་རིགས་གཞོས་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱས་ན་སོ་སོ་སྒེར་ནས་འཛམ་གླིང་ཞི་བདེའི་ཆེད་ཞབས་འདེགས་སྒྲུབ་ཐུབ་རྒྱུ་ཡིན་སྐོར་གསུང་གནང་སོང་།

དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཨ་འབྲུག་ཚེ་བརྟན་ལགས་ནས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭའི་དགེ་རྒན་ལས་བྱེད་ཞབསས་ལོ་༢༥ ལོན་པ་རྣམས་ལ་ལེགས་གསོའི་ཕྱག་འཁྱེར་ཕུལ་གནང་བ་དང་། བོད་མི་མང་སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ལགས་ནས་༢༠༢༣ ལོའིི་བུམ་སྐྱོན་གསུམ་བྲལ་གྱི་སློབ་ཕྲུག་རྩེ་ཕུད་ཁག་ཅིག་ལ་གཟེངས་བསྟོད་ཕྱག་ཁྱེར་ཕུལ་གནང་སོང་།

ཕྱོགས་མཚུངས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་དང་ཀོ་ལི་གྷལ་དོན་ལྡན་གླིང་ཧུན་སུར་རབས་རྒྱས་གླིང་བཅས་ལྷོ་ཕྱོགས་བོད་མིའི་འདུས་སྡོད་ཁག་ཚང་མའི་ནང་ལ་ཡང་ས་གནས་འགོ་འཛིན་ལས་ཁུངས་ནས་གོ་སྒྲིག་འོག་དུས་དྲན་སྲུང་བརྩི་ཞུས་གནང་ཡོད་པ་རེད།

གཞན་ཡང་དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་སྦེལ་ཀོབ་དང་ཀོ་ལི་གྷལ་ཧུན་སུར་བཅས་ས་གནས་གསུམ་དང་གཞིས་ཆགས་ཁག་བཞིའི་ས་གནས་གཞོན་ནུ་བེུད་ནས་སྣེ་ཁྲིད་གོ་སྒྲིག་འོག། དེ་རིང་མེ་སོར་གྲོང་ཁྱེར་ནང་བོད་མི་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་བའི་ཐད་རྒྱ་གཞུང་ལ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་ཀྱང་གནང་ཡོད་པ་རེད།

༼རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ནས་སྤེལ།༽

XS
SM
MD
LG