ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་གཞིས་རྩེ་གྲོང་ཁྱེར་སོགས་ལ་ལས་ཀ་མི་རག་པའི་དཀའ་ངལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་སྔོན་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཞིང་ཆེན་སོ་སོ་དང་ཁུལ་སོ་སོ། རྫོང་དང་གྲོང་རྡལ་ཕན་ཚུན་གྱི་བར་དུ་མི་རྣམས་འགྲོ་འོང་བྱེད་དུ་མ་བཅུག་པར་དུས་ཡུན་ཟླ་བ་གཉིས་ཡས་མས་ཤིག་ལ་བཀག་ཡོད་ཅིང་། ད་ལྟ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་ཀྱང་ཕྱི་ཚེས་༢༣་ཉིན་གྱི་ཞོགས་པར་གཞིས་རྩེ་ས་གནས་ཀྱི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟ་ན། ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཉེ་སྔོན་ཟླ་བ་གཉིས་ཡས་མས་ཤིག་ལ་འགྲོ་འོང་བཀག་སྡོམ་བྱས་བ་དང་། ད་ལྟ་བཀག་སྡོམ་ཕྱིར་འཐེན་བྱས་ནས་ཡུན་རིང་སོང་མེད་པས་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཟ་ཁང་དང་ཚོང་ཁང་ཆེ་ཆུང་། བཟོ་ཚོང་ལས་ཁང་སོགས་སྒོ་ཕྱེ་ཡོད་ཀྱང་ཉིན་ལྟར་མི་འགྲོ་འོང་བྱེད་མཁན་ཧ་ཅང་ཉུང་བ་དང་ཉིན་ལྟར་ཚོང་ལས་ཀྱི་ཡོང་སྒོ་དེ་ཙམ་མེད་པ། རྒྱ་ནག་ནས་རྒྱ་རིགས་མང་པོ་ཞིག་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་རྩེ་གྲོང་ཁྱེར་བཅས་སུ་འབྱོར་དང་འབྱོར་བཞིན་ཡོད་པས་མང་ཚོགས་ཀྱིས་ནད་ཡམས་ཁྱབ་སྲིད་པར་དོགས་ཟོན་བྱེད་བཞིན་འདུག དམིགས་བསལ་ཚོང་རྫས་ཚང་མ་རྒྱ་ནག་ནས་ཡར་ལ་ནང་འདྲེན་བྱེད་དགོས་ཀྱིན་ཡོད་པས་ནད་དུག་ཡོད་མེད་ལ་བློ་དོགས་ཆེ་བ། ད་དུང་ཡང་འགྲོ་འོང་བྱེད་མཁན་གྱི་མི་ཚང་མས་ཁ་རས་བརྒྱབ་ན་མ་གཏོགས་འགྲོ་འོང་བྱེད་མི་ཆོག་པ། ཚོང་ཁང་སོགས་ཀྱི་ནང་དུ་འཛུལ་བའི་སྐབས་སུ་སྒོ་འགྲམ་དུ་ཚ་བ་དང་གཟུགས་པོ་བདེ་ཐང་ཡིན་མིན་ལ་བརྟག་དཔྱད་བྱ་དགོས་པ་སོགས་གཟབ་ནན་མཐུད་དུ་བྱེད་ཀྱིན་འདུག དེར་བརྟེན་སྨན་ཁང་དང་གཞུང་གི་ལས་ཁུང་ཁག་གི་གཏན་འཇགས་ལས་བྱེད་པ་མིན་པའི་ན་གཞོན་ལས་ཀ་འཚོལ་མཁན་ཚོར་ལས་ཀ་གསར་པ་མ་རག་པའི་དཀའ་ངལ་འཕྲད་བཞིན་འདུག་ཅེས་འགྲེལ་བརྗོད་བྱས་བྱུང་།།

བོད་ནང་གི་གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་པ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་དུ་སྒེར་གཉེར་བཟོ་ཚོང་ཁང་སོགས་སུ་ལས་ཀ་བྱས་ཏེ་ཟླ་བ་བཞི་ནས་བརྒྱད་ཙམ་ཕྱིན་པ་རྣམས་ལའང་ཕོགས་ཐོབ་དངུལ་གཅིག་ཀྱང་མ་རག་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་ཅིང་། འདི་དང་དུས་མཚུངས་སུ་མཚོ་སྔོན་ཕྱོགས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་ཀྱང་ཁོ་པས་མཚོ་ལྷོ་ཁུལ་ཐོག་ཏུ་ཟས་རིགས་གཡོ་སྦྱོར་དང་ཚོང་འགྲེམ་གྱི་ཚོང་ལས་ཤིག་གཉེར་བཞིན་ཡོད། ཉིན་རེར་ཚོང་གི་ཡོང་འབབ་ཧ་ཅང་སྐྱོ་བོ་འདུག དེའི་རྒྱུ་མཚན་ནི་སྲང་ལམ་དུ་འགྲོ་འོང་བྱེད་མཁན་གྱི་མིའི་གྲངས་ཚད་སྔོན་ཆད་དང་བསྡུར་ན་ཧ་ཅང་ཉུང་དུ་ཕྱིན་འདུག ད་དུང་མུ་འཐད་དུ་ཚོང་ལས་ཀྱི་ཡོངས་འབབ་འདི་ལྟ་བུ་ལས་མེད་ན་གྱོང་གུད་ཆེན་པོ་ཐེབས་རྒྱུ་རེད། ཁོ་པས་རང་གི་འབྲེལ་ཡོད་གྲོགས་པོ་རྨ་ལྷོ་ཁུལ་དང་མགོ་ལོག མཚོ་བྱང་སོགས་སུ་ཡོད་པའི་ངོས་ཤེས་ཚོར་ཕན་ཚུན་ཁ་བརྡ་བྱས་པའི་སྐབས་སུ་ཟི་ལིང་གྲོང་ཁྱེར་གཙོས་ཁུལ་དང་རྫོང་སོ་སོར་ཉིན་རེའི་ཚོང་ལས་ཀྱི་ཡོང་འབབ་མེད་པའི་དཀའ་ངལ་གཅིག་མཚུངས་སུ་འཕྲད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་སོང་། གཙོ་བོ་མི་མང་པོ་ཞིག་དོན་དག་གལ་ཆེན་ཡོད་ན་མ་གཏོགས་རང་རང་གི་ཁྱིམ་དུ་བསྡད་ནས་ཕྱི་ལ་འགྲོ་འོང་བྱེད་ཀྱིན་མེད་པ་དང་ཏོག་དབྱིབས་ནད་དུག་ལ་འཛེམ་ཟོན་བྱེད་བཞིན་ཡོད་པའི་སྟབས་ཀྱིས་རེད་ཅེས་འགྲེལ་བརྗོད་བྱས་བྱུང་བའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG