ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དགའ་ལྡན་ཤར་རྩེའི་ཏོག་དབྱིབས་ནད་པ་རྣམས་དྲག་སྐྱེད།


DTR Covid Care Center Mundgod
DTR Covid Care Center Mundgod
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་༡་ཉིན་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ། ཤར་རྩེ་གྲྭ་ཚང་གི་གྲྭ་པ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་མ་ཐག་ཏུ་མཁན་རིན་པོ་ཆེ་དང་གྲྭ་ཚང་གི་ལས་སྣེ་ཚོས་ནད་དུག་ཁྱབ་ཡོད་པར་དོགས་པ་ཡོད་པའི་ཁང་ཚན་བཞིའི་དགེ་འདུན་པ་ཡོངས་ལ་བརྟག་དཔྱད་ཀྱིས་ཕྱི་ཚེས་༤་བར་དུ་ཁྱོན་བསྡོམས་དགེ་འདུན་པ་༤༤༡་ལ་བརྟག་དཔྱད་བྱས་ཟིན་ཡོད་ཅིང་། དེ་དག་གི་གྲས་ཀྱི་དགེ་འདུན་པ་༢༧ ལ་ནད་དུག་འགོས་ཡོད་པ་ར་འཕྲོད་བྱུང་བའི་རྗེས་སུ་ཟུར་འགོག་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་མོད། ཡིན་ནའང་ཁོང་རྣམས་ད་དུང་ཡང་ཟུར་འགོག་འོག་ཏུ་བཞུགས་ཡོད་ཅེས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་ཀྱིས་འདི་གའི་གསར་འགོད་པར་གསུངས་འདུག

ཤར་རྩེའི་མཁན་རིན་པོ་ཆེས་མུ་མཐུད་དུ་གསུངས་དོན། དགེ་འདུན་པ་འཕྲོ་མ་རྣམས་ལ་ཁ་སང་ཕྱི་ཚེས་༡༤་ཉིན་བརྟག་དཔྱད་བྱས་པ་ཡིན། ད་ལྟའི་བར་དུ་ཁྱོན་བསྡོམས་དགེ་འདུན་༧༣༣་ལ་བརྟག་དཔྱད་བྱས་ཡོད་པར་མ་ཟད། ཁ་སང་བརྟག་དཔྱད་བྱས་པ་དེ་དག་གི་གྲས་སུ་ནད་དུག་འགོས་ཡོད་པར་དོགས་པ་ཡོད་པའི་དགེ་འདུན་པ་ཁག་ཅིག་གི་བརྟག་དཔྱད་གྲུབ་འབྲས་རྣམས་མ་ཐོན་པར་སྒུག་ཡོད། ཤར་རྩེ་གྲྭ་ཚང་ལ་ནད་ཡམས་ཀྱི་གནས་ཚུལ་བྱུང་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསེང་ཞུས་པ་ལྟར་༧གོང་ས་མཆོག་གིས་ཐུགས་སྨོན་སྐྱབས་འཇུག་གནང་བ་དང་སྦྲགས། གྲྭ་ཚང་གིས་སྒྲོལ་མ་དང་སྒྲོལ་མའི་གཟུངས་སྔགས་གསོག་སྒྲུབ་དགོས་པའི་བཀའ་སློབ་ཕེབས་སོང་། ཉེ་ཆར་དྲྭ་ལམ་སོགས་ན་གནས་ཚུལ་ཆ་ཚང་མ་རྟོགས་པ་དང་བརྟག་དཔྱད་མ་བྱས་པ། རྒྱུས་ལོན་མ་ཐུབ་པར་ཧོལ་རྒྱུག་གི་གནས་ཚུལ་སྤེལ་བའི་སྟབས་ཀྱིས་ཐག་རིང་དུ་ཡོད་པའི་འབྲེལ་ཡོད་ཚོར་ཐུགས་འཚབ་ཆེན་པོ་བཟོས་འདུག མ་འོངས་པར་དེ་ལྟར་མི་འབྱུང་བའི་རེ་སྐུལ་ཞུ་རྒྱུ་ཡིན། ཕྱི་ནང་གི་འབྲེལ་ཡོད་ཀུན་གྱིས་འདི་ལ་ཐུགས་ཁྲལ་གནང་དགོས་དོན་མེད་ཅེས་གསལ་བཤད་གནང་བྱུང་།།

འདི་དང་དུས་མཚུངས་སུ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཁྱོན་བསྡོམས་ད་ལྟའི་བར་དུ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་༦༦་བྱུང་བའི་གྲས་ཀྱི་མི་གཉིས་འདས་གྲོངས་སུ་གྱུར། མི་༩་ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང་མི་༥༥་དྲག་སྐྱེས་བྱུང་འདུག སྔོན་ཆད་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་རྣམས་རྒྱ་གར་གཞུང་གི་ས་གནས་སྨན་ཁང་ཁག་ལ་འཁྱེར་གྱི་ཡོད་མོད། འོན་ཀྱང་ད་ཆ་རྒྱ་གར་གཞུང་གི་སྨན་ཁང་ཁག་ཏུ་ནད་པ་མང་དྲགས་ཏེ་མཐུན་རྐྱེན་མ་འཛོམས་པའི་རྐྱེན་གྱིས་བོད་པ་ཚོ་རྒྱ་གར་གཞུང་གི་སྨན་ཁང་ཁག་ལ་འགྲོ་མ་དགོས་པར་ཕྱི་ཟླ་དགུ་པའི་ཚེས་༡ ནས་བཟུང་སྟེ་གཞིས་ཆགས་ཀྱི་འཕྲོད་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཅེས་གཞིས་འགོ་ལྷག་པ་ཚེ་རིང་གིས་འགྲེལ་བརྗོད་གནང་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG