ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

རྔ་པར་བོད་ཡིག་གིས་སློབ་ཁྲིད་བྱ་དགོས་པའི་འབོད་སྐུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་རྔ་པ་བོད་རིགས་རང་སྐྱོང་ཁུལ་དུ་བོད་ཀྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་གཙོ་བོར་འཛིན་པའི་གསོའི་སྲིད་ཐབས་ལམ་ལག་བསྟར་བྱ་རྒྱུ་ཡིན་པའི་གླེང་སློང་བྱུང་བས་རྔ་པ་ཁུལ་གྱི་སློབ་གསོའི་ལས་དོན་གཉེར་མཁན་གྱི་ལས་བྱེད་པ་དང་མི་དམངས་འཐུས་མི། སློབ་གྲྭ་ཆུང་འབྲིང་ཁག་གི་དགེ་རྒན་དང་སློབ་ཕྲུག་གཙོས་བོད་ཀྱི་རྩོམ་པ་པོ་དང་དགེ་རྒན་ཆེན་མོ་སོགས་ལས་རིགས་འདྲ་མིན་གཉེར་བཞིན་པའི་བོད་པ་མང་པོས་དྲྭ་ལམ་དུ་རྔ་པ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་རང་སྐྱོང་ཁུལ་དེའི་ཁོངས་གཏོགས་སུ་ཡོད་པའི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་གཙོ་བོར་བཟུང་ནས་སློབ་གསོའི་ཐབས་ལམ་ལག་བསྟར་བྱ་དགོས་པའི་བསམ་ཚུལ་བཏོན་པར་སྐྱོན་བརྗོད་དང་། བསམ་ཚུལ་དེར་ངོས་ལེན་བྱེད་ཐབས་མེད་ཅེས་རྩོམ་ཡིག་མང་པོ་སྤེལ་འདུག

སྐད་འཕྲིན་སོགས་དྲྭ་རྒྱུའི་བརྒྱུད་ལམ་ཁག་ཏུ་བསམ་ཚུལ་འདོན་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་པ་སྟེ། ད་སྔ་ཤེས་གསལ་ལྟར་ན་རྒྱ་བོད་སྐད་ཡིག་གཉིས་སུ་རྩོམ་ཡིག་༤༠་ལྷག་བྲིས་ཡོད་པ་རྣམས་དྲྭ་ལམ་དུ་མཐོང་རྒྱུ་འདུག སྐད་འཕྲིན་གྱི་འཕྲིན་སྟེགས་སུ་བཀོད་པའི་རྩོམ་ཡིག་ཁག་ཅིག་ནག་སུབ་བཏང་ཡོད་པར་མ་ཟད། རྒྱ་ཡིག་ཏུ་བྲིས་པའི་རྩོམ་ཡིག་རེ་ཟུང་ཞིག་མི་གཞན་ལ་བརྒྱུད་སྐུར་བྱེད་མི་ཐུབ་པ་བཟོས་འདུག རྩོམ་ཡིག་དེ་དག་ནི་ཀྲུང་ཧྭ་མི་དམངས་སྤྱི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དགོངས་དོན་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་། རྔ་པ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་དེའི་བོད་ཀྱི་སྐད་དང་ཡི་གེའི་སྲོལ་ཡིག་སོགས་གཞི་རྩར་བཟུང་སྟེ་ས་གནས་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་དང་མཐུན་པའི་སྒོ་ནས་རྔ་པ་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་བོད་ཡིག་གཙོ་བོར་བཟུང་ནས་སློབ་གསོའི་ཐབས་ལམ་ལག་བསྟར་བྱ་དགོས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་སོགས་མི་རིགས་གྲངས་ཉུང་གི་ས་ཁུལ་དུ་སྐད་གཉིས་སློབ་གསོའི་སྲིད་ཐབས་ལམ་ཞིག་གཏན་འབེབས་བྱས་ཏེ་ས་གནས་མི་རིགས་དེའི་སྐད་དང་ཡི་གེ་གཙོ་བོར་འཛིན་དགོས། རྒྱ་སྐད་དང་རྒྱ་ཡིག་ནི་ཕལ་བར་འཛིན་དགོས་པའི་སློབ་གསོའི་ཐབས་ལམ་དང་པོ་ཞེས་པ་ཞིག་དང་། ཡང་རྒྱ་སྐད་རྒྱ་ཡིག་གཙོ་བོར་འཛིན་པ་དང་ས་གནས་དེའི་མི་རིགས་ཀྱི་སྐད་དང་ཡི་གེ་ནི་ཕལ་བར་འཛིན་དགོས་པའི་སློབ་གསོའི་ཐབས་ལམ་གཉིས་པ་ཞེས་ཐབས་ལམ་མ་འདྲ་བ་རིགས་གཉིས་ལག་བསྟར་བྱེད་ཀྱི་བཞིན་ཡོད་ཅིང་། ད་ལོའི་སྟོན་ཁའི་སློབ་འགོ་ཚུགས་དུས་རྔ་པ་བོད་རིགས་རང་སྐྱོང་ཁུལ་དུ་རྒྱ་སྐད་རྒྱ་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་ཐབས་ལམ་ལག་བསྟར་བྱ་འཆར་ཡོད་པ་རེད།

དེར་བརྟེན་བོད་ཀྱི་རྩོམ་པ་པོ་དང་རྔ་པར་དགེ་རྒན་གྱི་ཆེད་ལས་གཉེར་མཁན་ཟུར་གསུམ་མ་ཞེས་པ་ཞིག་གིས་ཉེ་ཆར་སློབ་ཕྲུག་གི་ཁྱིམ་བདག་ཚོར་བསམ་ཚུལ་ཞིག་བྲིས་ནས་འགྲེལ་བཤད་བརྒྱབ་ཡོད་པ་ལྟར་ན། རྒྱ་ཡིག་གཙོ་བོར་འཛིན་པའི་སློབ་ཁྲིད་ཟེར་བ་ནི་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་རྣམས་མ་གཏོགས་སློབ་ཚན་གཞན་པ་ཚང་མ་རྒྱ་ཡིག་ཏུ་སློབ་ཁྲིད་བྱ་རྒྱུ་ཡིན་ཞིང་། དགེ་རྒན་གྱིས་ཀྱང་རྒྱ་སྐད་ཐོག་ཏུ་སློབ་ཁྲིད་བྱ་དགོས་པར་གོ་དགོས། ད་དུང་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་བྱེད་དུས་ཀྱང་བོད་ཡིག་མ་གཏོགས་རྒྱུགས་ཤོག་གཞན་པ་ཚང་མ་རྒྱ་ཡིག་ལ་འགྱུར་རྒྱུ་རེད་ཅེས་གསལ་བཤད་བྱས་འདུག

སྤྱིར་ད་སྔ་རྔ་པ་ཁུལ་གྱི་འོག་ཏུ་བོད་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་ཐབས་ལམ་ལག་བསྟར་བྱེད་བཞིན་པའི་སློབ་གྲྭ་ཉུང་ཉུང་ལས་མེད་ཀྱང་སློབ་གསོའི་ཐབས་ལམ་དེ་ལ་བརྟེན་ནས་སློབ་གསོའི་གྲུབ་འབྲས་ཧ་ཅང་ལེགས་པོ་སོན་ཡོད་པ་སྟེ། ལོ་རེའི་འབྲིང་རིམ་སློབ་གྲྭའི་འབྲིང་རྒྱུགས་དང་མཐོ་རིམ་སློབ་གྲྭའི་མཐོ་རྒྱུགས་སོགས་ཀྱི་གྲུབ་འབྲས་ལ་བལྟས་ན་ར་འཕྲོད་ཅེས་རྩོམ་པ་པོ་མཐའ་སྒྲོལ་ཞེས་པ་ཞིག་གི་རྩོམ་ཡིག་ཏུ་བཀོད་འདུག ཁོང་གིས་བོད་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་ལམ་ལུགས་ལ་འགྱུར་བ་གཏོང་མི་ཉན་ཞེས་ཁ་བྱང་དུ་བཀོད་ནས་རྩོམ་ཡིག་ཅིག་བྲིས། རྩོམ་ཡིག་དེར་རྔ་པ་ཁུལ་གྱི་འོག་ཏུ་བོད་སྐད་བོད་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་ལམ་ལུགས་ལག་བསྟར་བྱ་ཡུལ་གཙོ་བོ་ནི་ཁྱུང་མཆུ་རྫོང་དང་རྔ་པ་རྫོང་། མཛོད་དགེ་རྫོང་བཅས་ཡིན་ཞིང་། འཛམ་ཐང་རྫོང་དང་ཟུང་ཆུ་རྫོང་སོགས་རྫོང་ཁག་གཞན་གྱི་ནང་དུ་བོད་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་ཐབས་ལམ་ལག་བསྟར་བྱ་རྒྱུ་ཉུང་ཉུང་རེད་ཅེས་བཀོད། དེ་སྔོན་སྤྱི་ལོ་༢༠༡༢་ལོར་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུའང་རྒྱ་སྐད་རྒྱ་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་ཐབས་ལམ་ལག་བསྟར་བྱ་ཐབས་བྱས་པར་སློབ་ཕྲུག་ཁྲི་ཕྲག་བརྒལ་བ་ཞིག་གིས་ངོ་རྒོལ་ཁྲོམ་སྐོར་བྱས་པའི་གནས་ཚུལ་བྱུང་བ་རེད།།

རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་འབར་ཁམས་གྲོང་ཁྱེར་དང་རྫོང་ཁག་༡༢་ཡོད་ཅིང་། སྤྱི་ལོ་༢༠༡༧་ལོར་རྒྱ་ནག་གཞུང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཁུལ་ཡོངས་སུ་མི་གྲངས་༩༤༠༠༠༠་ལྷག་ཡོད་པའི་གྲས་སུ་མི་གྲངས་བརྒྱ་ཆའི་༦༠་ལྷག་བོད་པ་ཡིན་ཞིང་། སྤྱི་ལོ་༡༩༥༣་ལོར་རྒྱ་ནག་གཞུང་གིས་ས་ཁུལ་དེར་སི་ཁྲོན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ལྗོངས་ཞེས་པའི་མིང་བཏགས། ༡༩༥༥་ལོར་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཞེས་མིང་བསྒྱུར་པ་དང་༡༩༨༧་ལོར་རྔ་པ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་ཞེས་མིང་བསྒྱུར་ཡོད་པ་རེད།།

XS
SM
MD
LG