ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༠༣

ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༣༤ འཁོར་བ།


དེ་རིང་ནི་སྤྱི་ལོ་ ༡༩༨༩ ལོའི་སྤྱི་ཟླ་༡༢ པའི་ཚེས་༡༠ ཉིན། ནོར་ཝེ་Norway ཡི་རྒྱལ་ས་ཨོ་སི་ལོར་ Oslo རྟེན་གཞི་བྱས་ཡོད་པའི་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ། འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༣༤ འཁོར་བའི་དགའ་སྟོན་གྱི་ཉིན་མོ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་འཁེལ་གྱི་ཡོད་པ་ལྟར། དེ་རིང་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོས་ལས་བྱེད་རྣམས་དང་། མི་མང་རྒྱ་ཕྲག་བརྒལ་བ་ལྷན་འཛོམས་ཀྱིས་གཞུང་འབྲེལ་གྱི་མཛད་སྒོ་ཞིག་འཚོགས་གནང་སོང་།

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་ཀྱིས་དེ་རིང་གི་ཉིན་མོའི་དུས་སྐབས་དང་བསྟུན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས། ཐུགས་ཀྱི་དགོངས་པ་གསལ་སྟོན་གནང་བ་དང་། དེ་བཞིན་ཟླ་བ་སྔོན་མའི་ནང་། རྒྱ་ནག་གཞུང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་འགྲུབ་འབྲས་ཟེར་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་པ་དེར། བཀའ་སྤྱི་གཉིས་ཀྱི་ངོས་ནས་རྒྱ་གཞུང་གི་བོད་ཀྱི་གནས་བབ་འཁྱོག་བཤད་བྱེད་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཞུས་སོང་བ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཀྱང་རྒྱ་ནག་གཞུང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ཟེར་བ་དེ་ནི། ཀྲུང་ཧཱ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་དང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན། བསམ་བློའི་དཔལ་ཡོན་འཛུགས་སྐྲུན་སོགས་ནི། བོད་མི་རིགས་རྩ་མེད་གཏོང་བཞིན་ཡོད་པ་དེ་ཡིན་པ་གསུང་གནང་སོང་། དེ་བཞིན་བོད་མི་དམངས་སྤྱི་མཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་རྒྱ་ནག་གཞུང་གི་རྒྱབ་ཤ་དཀར་པོ་ཟེར་བའི་དེབ་དེ་མེད་པ་ཞིག་ཡོད་པར་སྒྲུབ་པ་དང་། དོན་དངོས་ཀྱི་སྲིད་བྱུས་མུན་ནག་འདྲ་བ་དེ་དག་རྒྱབ་ཤ་དཀར་པོའི་ངོ་བོའི་ཐོག་ནས་དཀར་པོར་བསྒྱུར་ཐབས་བྱེད་བཞིན་ཡོད་པ་གསུངས་གནང་སོང་།

གཞན་ཡང་དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་གནང་བཞིན་ཡོད་པ་དང་། འདི་ལོ་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ། ལོ་ངོ་༧༥འཁོར་གྱི་ཡོད་པས། ཉིན་མོ་འདི་དང་འབྲེལ་ཉེ་ལམ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་བ་མེད་པ་དང་བྱམས་བརྩེའི་ཐོག་ནས་དཀའ་རྙོག་སེལ་ཐབས་དགོས་པའི་གསུང་འཕྲིན་སྩལ་གནང་ཡོད། དེ་ཡང་གསུང་འཕྲིན་ནང་མགོན་པོ་གང་ཉིད་མཆོག་གིས་གསལ་བསྒྲགས་དེས་འགྲོ་བ་མི་ཐམས་ཅད་ལ་འཇིགས་སྣང་དང་འདོད་རྔམ་ལས་གྲོལ་བའི་རང་དབང་ཡོད་པར་བསྒྲུབས་ཡོད།

འགྲོ་བ་མིའི་ཐོབ་ཐང་འདི་དག་གཅིག་ལ་གཅིག་བརྟེན་ཡིན་པར་མ་ཟད། ཡོངས་ཁྱབ་ཀྱང་ཡིན། ཞེས་བཀའ་སྩལ་ནས་འཛམ་གླིང་གང་སར་ཡོད་པའི་མི་མང་གིས་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་རིན་ཐང་རྣམས་ཤེས་རྟོགས་འབྱུང་བཞིན་ཡོད་པའི་ཐུགས་རེ་གནང་ཡོད་ཅེས་བཀའ་རྩལ་གནང་མཛད་ཡོད་པ་རེད།

གཞན་ཡང་དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེད་སྙན་གྲགས་ཆེ་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མོ་ཧྲིལ་པོ་ ༣༤ འཁོར་བའི་དགའ་སྟོན་གྱི་ཉིན་མོར་བོད་ཀྱི་ཟློས་གར་ཚོགས་པ་གཙོས་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་སློབ་གྲྭ་ཁག་དང་། ཚོགས་པ་སྐྱིད་སྡུག་ཁག་ནས་རྐང་བྲོ་གླུ་གཞས་ཀྱི་ལམ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་གནང་ཡོད་པ་རེད།

XS
SM
MD
LG