ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་སྙན་སྒྲོན་པ་ཕུར་བ་འདས་གྲོངས།


༄༅།། ཕྱི་ཟླ་༣་པའི་ཚེས་༢༨་ཉིན་བོད་ནང་གི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རྒྱང་སྒྲོག་པ་རྒན་ཕུར་བ་འདས་གྲོངས་སུ་གྱུར་འདུག་ཅེས་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག གསར་འགྱུར་མཁོ་སྤྲོད་པས་རྒན་ཕུར་བ་ནི་ལོ་ན་༧༨་ཐོག་ཏུ་ཕྱི་ཚེས་༢༨་ཉིན་འདས་གྲོངས་སུ་གྱུར་པ་བདེན་པ་རེད་། དམ་པ་དེ་དེང་རབས་ཀྱི་ལག་འཁྱེར་ཁ་པར་དང་བརྙན་འཕྲིན་སོགས་བོད་ནང་དར་ཁྱབ་ཆེར་མེད་པའི་སྐབས་སུ་སྒྲ་སྡུད་འཕྲུལ་ཆས་ནང་དུ་ལས་ཚན་གཙོ་སྐྱོང་དང་གསར་འགྱུར་རྒྱང་སྒྲོག་སོགས་བྱས་ནས་འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་བོད་ཀྱི་རོང་འབྲོག་ས་ཁུལ་ཁག་ཏུ་ཉན་མཁན་ཚོར་བག་ཆག་ཟབ་མོ་བཞག་ཡོད་པ་རེད། ཁོང་གིས་ལོ་བཅུ་ཕྲག་ཁ་ཤས་རིང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་རྒྱང་སྒྲོག་པའི་ཕྱག་ལས་གནང་སྟེ་བོད་པ་གཞོན་སྐྱེས་མང་པོ་ཞིག་སྐྱེད་སྲིང་བྱས་འདུག ཁོང་གིས་སྒྲ་དག་གསལ་གསུམ་གྱི་སྒོ་ནས་རྒྱང་སྒྲོག་གི་ཆེད་ལས་གཉེར་ནས་མི་ཚོས་ངོ་མི་ཤེས་ཀྱང་མིང་དང་སྐད་ངོ་མི་ཆོད་པ་ཧ་ལམ་མེད་པ་ལྟ་བུ་རེད། ཕྱི་སུ་དེང་རབས་ཀྱི་ཚོན་ལྡན་བརྙན་འཕྲིན་དང་ལག་འཁྱེར་ཁ་པར་གསར་པ་དར་ཁྱབ་བྱུང་སྟེ་བོད་མདོ་དབུས་ཁམས་གསུམ་གྱི་བོད་པ་རྣམས་གཙོས་ཕྱི་རྒྱལ་ཡུལ་གྲུ་གང་སར་རྒན་ཕུར་བ་བརྙན་འཕྲིན་འཕྲུལ་ཆས་ཀྱི་ལམ་ནས་མི་ཚང་མས་ངོ་ཤེས་སུ་གྱུར། ཁོང་འདས་གྲོངས་སུ་གྱུར་པ་གློ་བར་དུ་རྐྱེན་ངན་བྱུང་བ་དེ་འདྲ་ནི་མ་རེད། ནད་མནར་གྱི་དབང་གིས་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བ་དང་ལོ་ན་རྒས་ནས་གྲོངས་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

རྒྱང་སྒྲོག་པ་རྒན་ཕུར་བ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་དེ་སྤྱི་ཚོགས་དྲྭ་ལམ་ཁག་དུ་ཁྱབ་སྟེ་བོད་ཕྱི་ནང་གི་བོད་པ་མང་པོ་ཞིག་གིས་མྱ་ངན་གྱི་ཞུ་ཚིག་དང་རྩོམ་ཡིག་སོགས་སྤེལ། ཨ་མདོ་བརྙན་འཕྲིན་ཞེས་བའི་སྐད་འཕྲིན་གྱི་སྤྱི་སྟེགས་ཤིག་ཏུ་རྒན་ཕུར་བའི་ཆུང་དུས་ཀྱི་འདྲ་པར་དང་ཆེད་ལས་སྒྲུབ་བཞིན་པའི་འདྲ་པར་ཕྱོགས་སྒྲིག་ཅིག་བཀོད་དེ་བོད་ཀྱི་སྙན་སྒྲོན་པ་གྲགས་ཅན་ཕུར་བ་ལགས་སྐུ་གཤེགས་པར་མྱ་ངན་ཞུ་ཞེས་བྲིས། དེའི་འོག་ཏུ་དམ་པ་དེའི་སློབ་ཕྲུག་རྣམས་གཙོས་མི་མང་གིས་གདུང་ཤུགས་དྲག་པོའི་མྱ་ངན་ཞུ་ཚིག་དང་སྐུ་ཉིད་འཇིག་རྟེན་འདི་ནས་བཞུད་ཀྱང་མགྲིན་དབྱངས་ནས་འཁྲུངས་པའི་ཕ་སྐད་མ་ཡིག་དག་འབྲུག་སྒྲ་ཇི་བཞིན་མི་རིགས་འདི་རྡུལ་དུ་མ་གྱུར་བར་དུ་གཟི་བརྗིད་ངང་གནས་སྲིད་ཅེས་སོགས་ཀྱི་རྩོམ་ཡིག་མང་པོ་བཀོད། དེ་བཞིན་བོད་ཕྱི་ལོགས་ཀྱི་བོད་པ་ཚོས་རང་གི་ངོ་དེབ་དང་མི་སྒེར་གྱི་སྐད་འཕྲིན་དྲྭ་བའི་རྒྱབ་ལྗོངས་སུ་དམ་པ་དེའི་འདྲ་པར་བཞག་ནས་མྱ་ངན་གྱི་ཞུ་ཚིག་འགོད་ཀྱི་ཡོད་པར་མ་ཟད། བོད་ནང་གི་བོད་པ་ཚོས་བྲིས་བའི་རྩོམ་ཡིག་མང་པོ་ཞིག་བརྒྱུད་སྤེལ་ཡང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG