ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༢༤

རྩོམ་པ་པོ་སྒོ་ཤེར་ལ་རྒྱ་གཞུང་གིས་ལོ་བཅུའི་བཙོན་འཇུག་ཁྲིམས་ཆད་བཅད།  


རྒྱ་ནག་གཞུང་གི་གསང་བའི་ངང་འཛིན་བཟུང་འོག་ཡོད་པའི་བོད་ཀྱི་རྩོམ་པ་པོ་ཡོངས་གྲགས་སུ་སྒོ་ཤེར་རམ་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་མི་ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་སྐོར་ལ་བོད་ནང་གི་བོད་མི་མིང་བརྗོད་འདོད་མེད་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས།

ཁོང་གིས་བརྗོད་པ་ལྟར་ན་རྩོམ་པ་པོ་སྒོ་ཤེར་ལགས་སུ་མི་ལོ་བཅུའི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་གནས་ཚུལ་བདེན་པ་འདུག ད་ལྟ་རྔ་བ་ན་མེད་པར་བོད་ལྗོངས་ལྷ་ས་ལ་ཁྲིད་ནས་དེ་གར་ཁྲིམས་ཆད་བཅད་ཡོད་པ་ཁྲིམས་འཛིན་ལས་ཁུངས་ན་ཡི་གེ་ཡོད་གི་ཟེར། སྤྱིར་རྒྱ་ནག་གཞུང་གི་ངོས་ནས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་ཡོངས་ཁྱབ་གསལ་སྒྲགས་བྱེད་གི་མ་རེད་མ་གཏོགས་ཁྲིམས་ཐག་བཅད་ཡོད་པ་བདེན་པ་རེད་ཅེས་བརྗོད་སོང་། གཞན་ཡང་ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོས་གང་བྱུང་བཀག་ཉར་དང་། གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་ཐད་ཞུ་གཏུག་འདྲི་རྩད་བྱས་བར།རྒྱ་ནག་གི་ཕྱོགས་ནས་སྤྱི་ཟླ་༨་པའི་ཚེས་༢༧་ཉིན་ལན་འདེབས་བྱེད་དགོས་བྱུང་བའི་ཡིག་ཆའི་ནང་། སྒོ་ཤེས་རབ་རྒྱ་མཚོ་ལགས་ཕྱི་ལོ་༢༠༢༠་ལོའི་ཟླ་༡༠་ཚེས་༢༦་ཉིན་སྤྱི་ཚོགས་ཟིང་སློང་དང་ངན་སྐུལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་བ་དང་། ཕྱི་ལོ་༢༠༢༡་ལོའི་ཟླ་༢་ཚེས་༣་ཉིན་ནས་ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་ཁྲིམས་བཤེར་བྱེད་བཞིན་པ། ཁོང་གི་ཁྲིམས་བཤེར་སོགས་ཁྲིམས་ལུགས་གཞིར་བཟུང་དྲང་བདེན་བྱེད་བཞིན་པ་བཀོད་ཡོད་པ་རེད། ཡིན་ནའང་གནས་ཚུལ་མཁོ་སྤྲོད་པས་བརྗོད་ན་སྒོ་ཤེར་ལགས་སུ་ཁྲིམས་བཤེར་སྐབས་དྲང་བདེན་གྱི་སྒོ་ནས་ཁྲིམས་སྒྲིག་ལྟར་ཐག་གཅོད་བྱས་བ་ཞིག་གོ་ཐོས་མི་འདུག་ཅེས་བརྗོད་སོང་།

Tibetan Scholar Go Sherab Gyatso sentenced to 10 years prison audio
please wait

No media source currently available

0:00 0:04:27 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་དང་ཆབས་ཅིག་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་སྔ་ཕྱིར་ཐེངས་བཞི་ལ་ཉེས་མེད་ཉེས་འགལ་འོག་འཛིན་བཟུང་བཙོན་འཇུག་བྱས་མྱོང་ཡོད་པ་དང་། རྒྱ་གཞུང་གིས་ཁོང་ལ་གཙོ་བོར་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ནག་ཉེས་བཀལ་ནས་ལོ་བཞིའི་བཙོན་འཇུག་ཁྲིམས་ཆད་དང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ལྷ་ས་ནས་འཛིན་བཟུང་གིས་ལོ་གཅིག་ཙམ་རིང་གསལ་བཤད་ཅི་ཡང་མེད་པའི་སྒོ་ནས་བཀག་ཉར་བྱས་པ། རྗེས་སུ་ཡང་བསྐྱར་ཐེངས་ཁ་ཤས་ཉེས་འཛུགས་སོགས་གསལ་ཁ་མེད་པར་འཛིན་བཟུང་བྱས་ཡོད་པ་རེད།

ད་ལྟ་དགུང་ལོ་༤༦་ཡིན་པའི་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི་དེ་སྔ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་དང་བོད་ནང་གི་རྩོམ་པ་པོ་མིང་གྲགས་ཅན་ཞིག་ཡིན་པ་ཡིན། ཁོང་གིས་ད་བར་རྒྱུན་ཤེས་དང་ལམ། བླང་དོར་ལྟ་ཚུལ། རང་ལམ་རང་འཚོལ། ང་ཚོ་སད་རན། དཔྱད་འཚོལ་དང་ལྟ་ཚུལ། སྐྱེས་ཆེན་གྱི་བཞུད་ལམ་སོགས་རྩོམ་དེབ་མང་པོ་ཞིག་བརྩམས་ཡོད་པ་མ་ཟད་སྤྱི་ཚོགས་ནང་སློབ་གསོའི་སྐོར་གྱི་གཏམ་བཤད་བྱས་བའི་སྒྲ་སྒམ་མང་པོ་ཞིག་སྐད་འཕྲིན་དྲ་བའི་སྤྱི་སྟེགས་མང་པོ་ཞིག་དུ་བརྒྱུད་བསྐུར་བྱས་དང་བྱེད་བཞིན་ཡོད་པ་རེད་འདུག

རྩོམ་པ་པོ་སྒོ་ཤེར་ལགས་སུ་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་པ་དང་མཉམ་དུ་བོད་ཕྱི་ནང་གི་བོད་མི་མང་པོ་ཞིག་གིས་སྤྱི་ཚོགས་དྲ་ལམ་དང་ཡང་ན་སྒེར་གྱི་དྲ་སྟེགས་སུ་རྩོམ་པ་པོ་ཁོང་ལ་རྒྱ་གཞུང་གི་ཉེས་མེད་ཉེས་འགེལ་བྱས་པར་ངོ་རྒོལ་དང་ཕངས་སེམས་མཚོན་པའི་རྩོམ་ཡིག་འདྲ་མིན་དང་མཉམ་དུ་རྩོམ་པ་པོ་ཁོང་གི་འདྲ་པར་བཅས་བརྒྱུད་སྤེལ་བྱས་དང་བྱེད་བཞིན་ཡོད་པ་རེད་འདུག།

XS
SM
MD
LG