ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༢/༠༧

ན་གཞོན་སྙན་ངག་པ་དཔལ་མགོན་ལགས་རྒྱ་གཞུང་གིས་བཙོན་གྲོལ་བཏང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ན་གཞོན་སྙན་ངག་པ་དཔལ་མགོན་ལགས་རྒྱ་གཞུང་གིས་བཙོན་གྲོལ་བཏང་བ།

དེ་སྔ་༢༠༢༢ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་བའི་བོད་རིགས་ན་གཞོན་དཔལ་མགོན་ལགས་ཉེ་ཆར་གསང་བའི་ངང་བཙོན་གྲོལ་བཏང་སྟེ། ད་ལྟ་རང་ཁྱིམ་དུ་འབྱོར་ཡོད་ཀྱང་རྒྱ་གཞུང་གི་དོ་དམ་ལྟ་སྲུང་འོག་ཡོད་པ་མ་ཟད། ཁོང་ལ་མི་གཞན་དང་ཐུག་འཕྲད་བྱེད་དབང་མེད་པ་དང་། དེ་བཞིན་གློད་གྲོལ་སྐོར་གྱི་གནས་ཚུལ་ཚང་མ་གསང་ཐབས་བྱེད་ཀྱི་ཡོད་པ་སོགས་འདི་ག་རླུང་འཕྲིན་ཁང་ལ་མིང་བརྗོད་མེད་པ་ཞིག་གིས་འགྲེལ་བརྗོད་གནང་བྱུང་།།

གཞི་རྩའི་ན་གཞོན་ཤེས་ཡོན་པ་དཔལ་མགོན་ལགས་ཀྱིས་དེ་སྔ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་སྦྱོང་བྱས་མྱོང་བ་མ་ཟད་དུས་རྒྱུན་རྩོམ་ཡིག་འབྲི་རྒྱུར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་དེ་སྔ་ཁོང་འཛིན་བཟུང་བྱས་པའི་རྒྱུ་མཚན་གསལ་བཤད་བྱེད་མེད་ཀྱང་སྤྱི་ཚོགས་ནང་ཁོང་གིས་བོད་ཕྱི་ལོགས་ལ་འབྲེལ་བ་བྱས་པའི་རྐྱེན་ཡིན་ལུགས་བཤད་ཀྱི་ཡོད།

ད་ལྟའི་ཆར་དཔལ་མགོན་ལགས་རང་ཁྱིམ་ལས་ས་གནས་གཞན་གང་དུའང་འགྲོ་འོང་བྱེད་དུ་བཅུག་གི་མེད་པ་མ་ཟད་ལྟ་ཞིབ་ནན་མོ་བྱས་ནས་བསྡད་ཡོད་པ་དང་། ཁོང་ནི་ངོ་ཤེས་སློབ་གྲོགས་སོགས་ལ་ཐུག་འཕྲད་བྱེད་ཐུབ་ཀྱི་མེད་ལ་དྲ་ལམ་བརྒྱུད་ནས་ཕན་ཚུན་འབྲེལ་གཏུག་བྱེད་རྒྱུར་ཡང་རྒྱ་ནག་གི་དམ་དྲག་གི་རྐྱེན་པས་དཀའ་ངལ་འཕྲད་མུས་སུ་ཡིན་པ་གནས་ཚུལ་མཁོ་སྤྲོད་པས་འགྲེལ་རྗོད་གནང་གི་འདུག

བོད་རིགས་ན་གཞོན་རྩོམ་འབྲི་པ་དཔལ་མགོན་ལགས་ནི་དེང་སྐབས་རྒྱ་གཞུང་གིས་ཆ་བགོས་བྱས་བའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་བདེ་ནང་ཡུལ་ཚོ་ནས་ཡིན་པ་དང་། སྔ་ཕྱིར་ཁོང་གིས་བྲིས་བའི་རྩོམ་ཡིག་ཁག་ཅིག་ནི། ཆང་གི་ཕབས་རྟ། ང་ཁྱེད་ཀྱི་འཇིག་རྟེན་དུ་ཆ་གཞག་མཁན་ཞིག་ཏུ་སྐྱེ་ན། བརྩེ་མདང་གི་རི་མོ། ལོ་ཟླ་ཕྱིར་འོང་ཡོད་ན་བསམ། བོད་ཀྱི་སྲོལ་རྒྱུན་རྒྱན་གོས་ཞིབ་འཇུག་བཅས་སྤྱི་ཚོགས་དུ་བཀྲམས་མྱོང་ཡོད་པ་རེད་འདུག

གླེང་སྟེགས།

XS
SM
MD
LG