ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

མཚོ་ལྷོ་ཁུལ་དུ་བོད་པ་ལས་བྱེད་པའི་ཁྱིམ་དུ་གཤིན་ཆོག་སྒྲུབ་མི་ཆོག་པ།


༄༅།། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ལམ་དུ་ཕྱི་ཟླ་༡༡་པའི་ཚེས་༢༤་ཉིན་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་གཞུང་གིས་ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་དུ་བོད་པ་ལས་བྱེད་པ་ཚོར་སོ་སོའི་ཁྱིམ་དུ་ཆོས་བྱེད་མི་ཆོག་པ་དང་ཁྱིམ་ཚང་གི་མཆོད་ཁང་རྣམས་བཤིག་དགོས་པའི་བཙན་བཀའ་བཏང་འདུག སྤྱི་བདེ་ལས་བྱེད་པ་སུ་ཞིག་གིས་རང་ཁྱིམ་གྱི་མཆོད་ཁང་མ་བཤིག་ན་ལས་ཁོངས་ནས་ཕྱིར་འབུད་གཏོང་རྒྱུ་དང་གཞི་རིམ་གྱི་ཐོབ་ཐང་རྣམས་འཕྲོག་རྒྱུའི་བཙན་ཁྲིམས་བསྡམས་ནས་ཁུལ་དེའི་བོད་པ་ལས་བྱེད་པ་ཚོས་མི་འདོད་བཞིན་དུ་ཁྱིམ་ཚང་སོ་སོའི་མཆོད་ཁང་རྣམས་བཤིག་དགོས་བྱུང་འདུག དེ་བཞིན་ཕ་མ་དང་གཉེན་ཉེ་སོགས་འདས་གྲོངས་སུ་གྱུར་ཀྱང་འདས་པོ་དེ་ཚོར་གཤིན་ཆོག་སྒྲུབ་མི་ཆོག་པའི་དཀའ་ངལ་འཕྲད་བཞིན་ཡོད་ཅིང་། ད་ལྟའི་ཆར་ཁྲིམས་དེ་ས་གནས་ཡོངས་ལ་ལག་ལེན་བསྟར་གྱི་མེད་ཀྱང་རིམ་བཞིན་རྒྱ་ཁྱབ་ཏུ་ལག་བསྟར་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག་ཅེས་འཁོད་ཡོད་པ་རེད།།

འདི་གའི་གསར་འགོད་པར་བོད་ནང་གི་ས་གནས་དེའི་བོད་པ་མིང་བརྗོད་འདོད་མེད་མཁན་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ད་ལྟའི་རྒྱ་གཞུང་གི་སྲིད་ཇུས་འོག་བོད་པ་ལས་བྱེད་པ་ཞིག་ཡིན་ན་ཆོས་བྱེད་མི་ཆོག་པའི་གནས་ཚུལ་ནི་བདེན་པ་རེད། དཔེར་ན་རྒྱ་གཞུང་གི་ལས་བྱེད་པ་ཞིག་གིས་ལག་ཏུ་ཕྲེང་བ་འཛིན་མི་ཆོག་པ་དང་རྒྱན་ཆའི་ཚུལ་དུ་ཕྲེང་བ་བཟུང་ཡང་ལས་ཀ་འཆོར་རྒྱུའི་ཉེན་ཁ་ཡོད་པ་རེད། ཆོས་དང་སྲིད་གཉིས་ཁ་ཁ་བྱེད་དགོས་ཀྱི་འདུག དམར་ཤོག་ཚོགས་པའི་ཚོགས་མི་ཚོར་ཆོས་བྱེད་པའི་དབང་ཆ་ཡོད་པ་མ་རེད། དེར་བརྟེན་རྒྱ་གཞུང་གི་ལས་བྱེད་པ་བོད་པ་ཚོས་ཆོས་བྱེད་མི་ཆོག་པའི་བཙན་ཁྲིམས་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་པར་མ་ཟད། བོད་པ་ལས་བྱེད་པ་ཚོས་རྒྱ་གཞུང་གི་ཁྲིམས་དེར་ཧ་ཅང་གི་སྐྲག་དངངས་ཆེན་པོ་བྱེད་བཞིན་འདུག་ཅེས་བརྗོད་འདུག

གཞན་ཡང་ལྷ་ས་དང་གཞིས་ཀ་རྩེ་གྲོང་ཁྱེར་གཉིས་སུ་དུས་རྒྱུན་ཚོང་ལས་གཉེར་བཞིན་པའི་བོད་པ་མིང་བརྗོད་འདོད་མེད་མཁན་ཞིག་ལ་གསར་འགོད་པས་གནས་ཚུལ་འདིའི་སྐོར་བཅར་འདྲི་ཞུས་པར་སྔོན་མ་ནས་རྒྱ་གཞུང་གི་ལས་ཁུངས་ཁག་གི་བོད་པ་ལས་བྱེད་པ་ཡིན་ན་དགོན་པ་ཁག་ལ་མཆོད་མཇལ་དུ་འགྲོ་མི་ཆོག་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་མི་ཆོག་ཅེས་ཡོངས་ཁྱབ་བཀའ་རྒྱ་བཏང་ཟིན་ཡོད་པ་རེད། ད་ལྟ་ལྷ་ས་དང་གཞིས་རྩེ་སོགས་ལ་དམིགས་བསལ་གྱི་བཀའ་རྒྱ་གསར་པ་བཏང་མ་སོང་ཞེས་བརྗོད་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG