ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

བོད་པའི་བཙུན་མ་ཞིག་ཐུགས་དམ་ལ་བཞུགས་པ།


༄༅།། བོད་བརྒྱུད་ནང་བསྟན་གྱི་བླ་མ་དང་སྐྱེས་ཆེན་དམ་པ་མང་པོ་ཞིག་དགོངས་པ་རྫོགས་པའི་རྗེས་སུ་སྐུའི་མདངས་མ་ཉམས་པ་དང་དྲི་ངན་མི་ཐུལ་བ། སྙིང་ཁའི་དྲོད་མི་ཡལ་བར་ཉིན་གྲངས་མང་པོར་ཐུགས་དམ་ལ་བཞུགས་སྲོལ་ཡད་ཅིང་། ཆོས་ཉམས་ལེན་གྱི་ཚད་གཞི་མཐོན་པོར་སླེབས་པའི་གཞི་རིམ་ནང་ཆོས་ཉམས་ལེན་པ་དག་གི་གྲས་སུའང་ཐུགས་དམ་ལ་བཞུགས་མཁན་མང་པོ་ཞིག་འབྱུང་གི་ཡོད་པ་སྟེ། ཉེ་ཆར་མི་ལོ་༤༥་རིང་དུ་རྒྱ་གར་གྱི་གནས་མཆོག་མཆོ་པདྨར་སྒྲུབ་པ་ཉམས་ལེན་ལ་གཞོལ་ཞིང་། ད་ལྟ་དགུང་ལོ་༨༢་ལ་སོན་པའི་ཨ་ནེ་བསྟན་འཛིན་ཆོས་སྒྲོན་སྐུ་གཟུགས་ཅུང་ཙམ་བདེ་མིན་གྱིས་ཕྱི་ཟླ་ལྔ་པའི་ཚེས་༢༢་དང་བོད་ཟླ་༣་པའི་གནམ་གང་ཉིན་རྒྱ་གར་ལྷ་ཕྱོགས་ཀོ་ལེ་གྷལ་གྱི་སྨན་ཁང་ཞིག་ཏུ་སྐུ་གཤེགས་ཏེ་ཕྱི་ཚེས་༢༤་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦་དང་སྐར་མ་༣༤་བར་དུ་ཉིན་གཉིས་ལ་ཐུགས་དམ་དུ་བཞུགས་འདུག ད་ལྟ་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་གྲོང་སྡེ་ཁ་པའི་ནང་གི་སྤུན་མཆེད་ཀྱི་ཁྱིམ་དུ་སྐུ་གདུང་མང་ཚོགས་ལ་མཇལ་ཁ་བཏང་དང་གཏོང་བཞིན་ཡོད་འདུག

དེ་ཡང་བཙུན་མ་བསྟན་འཛིན་ཆོས་སྒྲོན་དམ་པ་དེ་ཉིད་མ་གཤེགས་སྔོན་ལ་ཉིན་གཉིས་ཀྱི་རིང་དུ་མ་གཏོགས་ཐུགས་དམ་ལ་བཞུགས་རྒྱུ་མིན་ཞེས་གསུངས་ཡོད་པ་ཀོ་ལི་གྷལ་དོན་ལྡན་གླིང་དུ་གཞིས་ཆགས་སུ་བཞུགས་པའི་དམ་པ་དེའི་སྤུན་མཆེད་བྱང་ཆུབ་སྒྲོལ་མ་ལགས་ཀྱིས་གསུངས་དོན། ཁོང་དགོངས་པ་མ་རྫོགས་སྔོན་དུ་ཁྲག་ཤེད་དང་གཅིན་སྙིའི་ནད་གཞི་ཅུང་ཙམ་ཡོད་པས་སྨན་ཁང་དུ་གདན་འདྲེན་ཞུས་པ་ཡིན། ཆབ་སངས་ཀྱང་འབབ་མིན་གྱིས་སྐུ་ངལ་ཅུང་ཟད་འཕྲད་པ་བཞིན་སྐུ་གཟུགས་ལ་སྨན་ཁབ་དང་གཤག་གཅོས་ཀྱི་རིགས་བྱེད་པ་ལས་དགོངས་པ་རྫོགས་རྒྱུའི་བཀའ་མོལ་གསུང་གི་འདུག འདི་ལོ་༧གོང་ས་མཆོག་གི་སྐུ་འཕྱའི་ཚེ་སྒྲུབ་རྒྱུན་རིང་བསྒྲུབས་པའི་སྟབས་ཀྱིས་སྐུ་གཟུགས་ཧ་ཅང་སྐྱོ་པོ་ཆགས་ཏེ་དགོངས་པ་རྫོགས་ཁར་ཡང་ཚེ་སྒྲུབ་གསུང་བཞིན་འདུག ཐུགས་དམ་ལ་བཞུགས་པའི་རིང་དུ་མི་མང་པོར་སྐུ་ཕུང་ནས་དྲི་བཟང་ཐུལ་བ་སོགས་དངོས་སུ་མྱོང་ཚོར་བྱུང་འདུག ཁོང་གི་རྒྱུན་གཏན་གྱི་ཉམས་བཞེས་གཙོ་བོ་ནི་ཕྱག་རྒྱ་ཆེན་པོ་དང་རྫོགས་ཆེན་གཉིས་ཡིན་པ་དང་རྟག་ཏུ་སྨྱུང་གནས་ལ་བཞུགས་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་བྱུང་། བཙུན་མ་དེ་ཐུགས་དམ་ལ་བཞུགས་པའི་སྐོར་རྣམས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་ཞུས་ཟིན་ཡོད་ཅིང་། བོད་ཟླ་༤་པའི་ཚེས་༡༤་ཉིན་སྐུ་གདུག་ཞུགས་འབུལ་བྱ་འཆར་ཡོད་འདུག

སྤྱིར་ཐུགས་དམ་བཞུགས་པ་ཟེར་བ་ནི་རྒྱུན་དུ་ཆོས་ཀྱི་ཉམས་ལེན་ཚདམཐོན་པོ་ཡོད་པ་ཚོས་རང་ཉིད་འཆི་བའི་སྐབས་སུ་ཕྱིའི་དབང་པོ་རགས་པ་རྣམས་རིམ་བཞིན་ནང་དུ་བསྡུས། ནང་སེམས་ཤིན་ཏུ་ཕྲ་བ་ཞིག་གི་ཐོག་ཏུ་མཉམ་པར་གཞག་སྟེ་ཡུན་རིང་བཞུགས་པ་དེ་ལ་ཟེར་གྱི་ཡོད་འདུག དཔེར་ན་༢༠༡༧་ལོའི་ཕྱི་ཟླ་༡་ཚེས་༢༡་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལིའི་མཐོ་སློབ་ཁག་ཏུ་ཡོད་པའི་བོད་པའི་གཞོན་སྐྱེས་ཚོར་བླང་དོར་གྱི་བཀའ་སློབ་གནང་བའི་སྐབས་སུ་ཐུགས་དམ་གྱི་སྐོར་ལ་དྲི་བ་ཞུས་པའི་བཀའ་ལན་འདི་འདྲ་ཞིག་གནང་འདུག

ང་ཚོའི་དཔེ་ཆའི་ནང་དུ་སེམས་ཕྲ་རགས་ལ་དབྱེ་བ་ཕྱེས་ཏེ། ང་ཚོས་ནམ་རྒྱུན་ནས་འཆི་བ་འོད་གསལ་ཟེར་གྱི་འདུག་མ་གཏོགས་ཤི་བ་འོད་གསལ་ཟེར་གྱི་མི་འདུག་ག འཆི་བ་འོད་གསལ་ཟེར་དུས་ད་ལྟ་འཆི་བཞིན་པ་རེད་མ་གཏོགས་ད་ལྟ་ཤི་ཡོད་པ་མ་རེད། དེར་བརྟེན་འཆི་བའི་གནས་སྐབས་ཀྱི་སེམས་རགས་པ་དེ་ཚོ་གཙོ་བོ་ཀླད་པ་ལ་བརྟེན་ཡོད་པ་དང་། ཀླད་པའི་བྱ་བ་ཉམས་དུས་སེམས་རགས་པ་རྣམས་འགག་ཚར་བ་རེད། སེམས་རགས་པ་ནས་འགག་སྟེ་སེམས་ཕྲ་བ་དང་སེམས་ཕྲ་བ་ནས་ནང་གསེས་ཕྲ་རུ་ཕྲ་རུ་འགྲོ་བསྡད་པ་དེ་གཙོ་བོ་སྔགས་ཀྱི་དཔེ་ཆའི་ནང་དུ་གསུངས་ཡོད་པ་རེད། དེ་ནས་སྣང་མཆེད་ཐོབ་གསུམ་ཞེས་སྣང་བ་དང་མཆེད་པ། ཉེར་ཐོབ་ཅེས་བཤད་ཀྱི་འདུག ཉེར་ཐོབ་འགག་ཚར་རྗེས་ཐམས་ཅད་སྟོང་པ་འོད་གསལ་ཞེས་སྟོང་པ་བཞིའི་རྣམ་གཞག་བཤད་ཀྱི་ཡོད་པ་རེད། ཐུགས་དམ་བཞུགས་ཟེར་བ་དེ་སྣང་མཆེད་ཐོབ་གསུམ་ནས་འོད་གསལ་གྱི་སྒང་ལ་སྔོན་གྱི་གོམས་འདྲིས་ཡིན་ན་འདྲ། ཕན་པ་ཡིན་ནའང་འདྲ། དེ་འདྲའི་ཐོག་ནས་དེའི་སྒང་ལ་ཡུན་རིང་པོར་སྡོད་ཀྱི་ཡོད་པ་ང་ཚོས་འགྲེལ་བཤད་དེ་འདྲ་རྒྱག་གི་ཡོད་པ་རེད་ཅེས་བཀའ་སློབ་སྩལ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG