ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཀོང་པོ་ཉིང་ཁྲིའི་བོད་པ་ཞིག་ལ་ཁྲིམས་ཐག་བཅད་རྗེས་གར་ཡོད་ཆ་མེད།


༄༅།། རྒྱ་ནག་གཞུང་གི་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཞེས་པའི་ཁོངས་གཏོགས་ཀོང་པོ་ཉིང་ཁྲི་སྣང་རྫོང་། སྐྱེམས་སྟོང་ཡུལ་ཚོ་དང་ཨ་རོང་གྲོང་ཚོའི་ལོ་ན་༦༠་ཡས་མས་སུ་སོན་པའི་བོད་པ་ནམ་མཁའ་ཞེས་པའི་སྐྱེས་པ་ཞིག་ལ་རྒྱ་གཞུང་གིས་ལོ་༥་དང་ཟླ་བ་༣་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་རྗེས་གང་དུ་ཡོད་མེད་དང་གནས་སྟངས་ཅི་ཡིན་ཤེས་རྟོགས་མི་ཐུབ་པར་གྱུར་འདུག་ཅེས་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་༢༠༡༨་ལོའི་མགོ་སྟོད་དེར་ཉིང་ཁྲི་ས་གནས་ཀྱི་ཉེན་རྟོག་པས་ནམ་མཁའ་འཛིན་བཟུང་བྱས་པ་རེད། ཕྱིས་སུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་པའི་ནག་ཉེས་བཙུགས་ཏེ་ལོ་༥་དང་ཟླ་༣་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད། ཡིན་ནའང་རྒྱལ་ཁབ་ཀྱི་གསང་བ་ཅི་ཞིག་ཕྱིར་བསྒྲགས་བྱས་པ་དང་ཁྲིམས་འགལ་གྱི་ལས་དོན་ཅི་ཞིག་བསྒྲུབས་པ་ནི་གསལ་པོ་གང་ཡང་མི་འདུག དེང་སྐབས་ནམ་མཁའ་བཙོན་ཁང་གང་དུ་ཡོད་མེད་དང་གནས་སྟངས་ཅི་ཡིན་གོ་ཐོས་ཅི་ཡང་མི་འདུག་ཅེས་བཤད་འདུག

ནམ་མཁའ་ནི་ལོ་ན་༦༠་ཡས་མས་ཤིག་ཡིན་པ་དང་བཟའ་ཟླ་བུ་ཕྲུག སྤུན་མཆེད་སོགས་གང་ཡང་མེད་པ་ཞིག་རེད། ཁོ་པ་ཁྱིམ་ཚང་ཞིག་ཏུ་གཡོག་པོ་བྱས་ནས་ཡུན་རིང་བསྡད་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཁྱིམ་ཚང་དེའི་བདག་པོ་རླངས་འཁོར་བརྡབ་སྐྱོན་བྱུང་སྟེ་ཚེ་ལས་འདས། འདས་པོའི་བཟའ་ཟླ་ཁྱིམ་ཚང་གཞན་ཞིག་ཏུ་མནའ་མར་ཕྱིན་ཡོད་པས་ནམ་མཁའ་སྡོད་ཡུལ་མེད་པར་འཁྱམ་ཉུལ་གྱིས་འཚོ་བ་སྐྱེལ་དགོས་བྱུང་ཞིང་། ཁོང་གིས་རྒྱུན་དུ་མི་གཞན་ལ་རོགས་རམ་བྱ་རྒྱུར་དགའ་པོ་ཡོད་པ་དང་མི་ཡ་རབས་གཉོམ་ཆུང་ཞིག་ཡིན་འདུག

རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་རྗེས་ཀོང་པོ་ཉིང་ཁྲིའི་སྐོར་ཡིག་ཆའི་ནང་གསལ་བ་ལྟར་ན། ཉིང་ཁྲི་གྲོང་ཁྱེར་ནི་རྒྱ་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་༤༠༧་གྱི་མཚམས་ཏེ། ཆུ་བོ་ཡར་ཀླུང་གཙང་པོ་རྒྱུག་ཡུལ་གྱི་སྨད་ཕྱོགས་སུ་ཡོད་པ་དང་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་སྤོ་བོ་རྫོང་། ཤར་ལྷོའི་ཕྱོགས་སུ་མེ་ཏོག་རྫོང་དང་རྫ་ཡུལ་རྫོང་། ལྷོ་ངོས་སུ་སྨན་གླིང་རྫོང་། ལྷོ་ནུབ་ཏུ་སྣང་རྫོང་དང་ནུབ་ངོས་སུ་ཀོང་པོ་རྒྱ་མདའ་རྫོང་བཅས་རྫོང་ཁག་༦་ཡོད་པ་རེད། ཉིང་ཁྲིད་གྲོང་ཁྱེར་ཁོངས་སུ་མི་གྲངས་ཁྲི་༡༧་དང་འབུམ་༣་ཡོད་པའི་གྲས་སུ་བོད་པ་མི་གྲངས་ཁྲི་༡༡་ལྷག་ཡོད་པར་མ་ཟད། ཉིང་ཁྲི་ས་ཁུལ་དུ་བོད་པ་དང་རྒྱ་ནག་པ། ལྷོ་པ་དང་འཇང་རིགས། ཁ་ཆེ་སོགས་མི་རིགས་མི་འདྲ་བ་༡༠་ལྷག་འདུས།།

བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༢༠༢༡་ལོའི་ཕྱི་ཟླ་༨་ཚེས་༣༠་ཉིན་རྒྱལ་སྤྱིའི་གར་སོང་ཆ་མེད་ཉིན་མོར་བོད་ནང་གི་ཆབ་སྲིད་བཙོན་པ་གར་སོང་ཆ་མེད་དུ་གྱུར་པའི་ཉམས་ཞིབ་སྙན་ཐོ་ཞིག་བཏོན་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་པ་རྣམས་འཛིན་བཟུང་དང་བཙོན་དུ་འདས་གྲོངས་སོང་བའི་གནས་ཚུལ་རྣམས་ཟླ་བ་མང་པོའི་རྗེས་ནས་མ་གཏོགས་ཤེས་རྟོགས་ཐུབ་དཀའ། ད་ལྟའི་ཆར་དངོས་སུ་ཤེས་རྟོགས་བྱུང་བའི་གྲས་སུ་འདས་པའི་ལོ་གསུམ་གྱི་ནང་དུ་བོད་ནང་གི་བོད་པ་༤༠་ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་ཐེར་འདོན་བྱས་འདུག་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG