ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༠༣

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་འདས་གྲོངས་སོང་བ།


པདྨ་ཚེ་བརྟན་ལགས་སྐུ་གྲོངས་པའི་གནས་ཚུལ་སྐོར་བོད་ནང་གི་སྙན་ངག་པ་དང་གླུ་གཞས་གཏོང་མཁན་གྱི་མི་སྣ་མང་པོ་ཞིག་གིས་རང་རང་གི་དྲ་བའི་རྒྱབ་ལྗོངས་སུ་མྱ་ངན་གྱི་ཞུ་ཚིག་དང་། ཁོང་གི་འདྲ་པར་དང་བཅས་ཁོང་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་གོམས་གཤིས་སོགས་སྒྱུ་རྩལ་གྱི་ལམ་ནས་བརྙན་ལམ་དུ་ཕབ་ཐུབ་མཁན་དང་བོད་ཀྱི་གློག་བརྙན་སྒྱུ་རྩལ་གྱི་རིག་གནས་འཛམ་གླིང་མི་མང་གི་མདུན་དུ་བསྐྱལ་ཐུབ་མཁན་མི་བུ་ཤེས་འཇོན་ལྡན་པ་ཞིག་ཡིན་པས། གློ་བུར་དུ་སྐུ་གྲོངས་བ་ནི་ང་ཚོ་བོད་མི་རིགས་ཀྱི་གྱོང་གུན་ཞིག་དང་ཕངས་སེམས་ཆེན་པོ་ཡིན་པ་སོགས་དཔྱད་བརྗོད་མང་པོ་སྤེལ་དང་སྤེལ་བཞིན་པ་རེད་འདུག

གཞི་རྩའི་ཆ་ནས་ཤེས་རྟོགས་བྱུང་བ་ལྟར་ན། པདྨ་ཚེ་བརྟན་ལགས་ནི་དུས་རྒྱུན་གློག་བརྙན་བཟོ་སྐྲུན་གྱི་ལས་དོན་བྲེལ་འཚུབ་ངང་ཡོད་པ་དང་། ཉེ་ལམ་ལྷ་ས་རུ་གློག་བརྙན་གསར་བ་ཞིག་ཕབ་ལེན་བྱེད་བཞིན་ཡོད་པ་དང་བསྟུན་གཞིས་ཀ་རྩེ་ཕྱོགས་སུ་གློག་བརྙན་དེ་ཕབ་ལེན་ཆེད་རྫ་རི་མཐོ་ས་སོགས་སུ་འགྲོ་བསྐྱོད་ཀྱིས་གློག་བརྙན་ཕབ་སྐྲུན་སྐབས་རྫ་དུག་ཕོག་པའམ་འཚོ་རླུང་མ་འདང་བའི་དཀའ་ངལ་བྱུང་སྟེ་དེ་མ་ཐག་རྒྱལ་ས་ལྷ་སར་ཁྱེར་ཡོང་ནས་མྱུར་སྐྱོབ་བྱས་ཀྱང་ཕན་ཐོགས་མ་བྱུང་བར་མདང་དགོང་སྐུ་གྲོངས་པ་རེད་ཅེས་བརྗོད་བཞིན་འདུག ཡང་བོད་ནང་གི་མི་སྣ་གཞན་ཞིག་གིས་བརྗོད་དོན་ལྟར་ན་པདྨ་ཚེ་བརྟན་ལགས་ནི་སྙིང་གི་ན་ཚ་རྐྱེན་པས་སྐུ་གྲོངས་བ་རེད་ཅེས་བརྗོད་ནས་དོགས་པ་སྣ་ཚོགས་དང་བཅས་དོ་སྣང་ཆེན་པོ་བྱེད་བཞིན་འདུག་པས་འདིས་སྐོར་ནས་སྐད་ཆ་བཤད་རྒྱུར་སྟབས་བདེ་མ་རེད་ཅེས་བརྗོད་སོང་།

དེ་དང་ཆབས་ཅིག་རྒྱ་ནག་གི་སྤྱི་རྟགས་ཤིག་ཏུ་གནས་ཚུལ་སྤེལ་དོན་ལྟར་ན། ཁྱེད་ཉིད་གློ་བུར་དུ་སྐུ་གྲོངས་བར་ཕངས་སེམས་ལྕི། སྐྱེ་བ་གཞུག་མར་སླར་ཡང་གངས་རིའི་ལྗོངས་སུ་འཁྲུངས་ནས་བོད་ཀྱི་གློག་བརྙན་རིག་གནས་དང་རྩོམ་རིག་གི་ཞིང་ས་འདི་ལ་དགོས་བའི་སྦྲང་ཆར་སྩོལ་བའི་ལས་མཛད་པར་སྨོན། གངས་རིའི་གཅེས་ཕྲུག་ལགས་ཞེས་དང་དེ་བཞིན་པདྨ་ཚེ་བརྟན་ལགས་ཆུང་དུས་ནས་བཟུང་ད་ལྟའི་བར་གྱི་འདྲ་པར་དང་ཁོང་གིས་བརྩམས་པའི་བརྩམ་སྒྲུང་གི་དེབ་སོགས་སྤྱི་རྟགས་སུ་འཁོད་ཡོད་པ་དང་ཆབས་ཅིག་མི་གྲངས་བརྒྱད་བརྒྱ་ལྷག་གིས་དཔྱད་མཆན་དང་མྱ་ངན་པར་རིས་སོགས་སྐུར་ཡོད་པ་རེད། དེ་མིན་སྐད་འཕྲིན་དྲ་ལམ་དུ་བོད་ནང་གི་བོད་མི་མང་པོས་པདྨ་ཚེ་བརྟན་ལགས་ཀྱི་འདྲ་པར་དང་བཅས་མྱ་ངན་གྱི་ཞུ་ཚིག་བྲིས་ཏེ་རང་རང་སོ་སོའི་དྲ་ལམ་དུ་སྤེལ་མཁན་ཧ་ཅང་མང་པོ་མཐོང་ཐོས་སུ་ཡོད

གློ་བུར་དུ་སྐུ་གྲོངས་ཟིན་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་༡༩༦༩་ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་། ལྷ་ཁང་ཐང་ཞང་། མཛོ་སྣ་སྡེ་བ་རུ་སྐུ་འཁྲུངས་ཤིང་ད་ལོ་རང་ལོ་༥༤ ལ་སླེབས་ཡོད་པ་རེད། ཁོང་གིས་བརྩམས་པའི་སྒྲུང་དེབ་དང་གློག་བརྙན་། དཔེར་ན། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་། ཆེས་མཐའ་མཇུག་གི་སེར་སྲུང་བ། འཚོལ། གཡང་མདའ་སོགས་ལ་རྒྱལ་སྤྱིའི་གློག་བརྙན་གྱི་བྱ་དགའ་དང་རྒྱ་ནག་ནང་ཁོངས་ཀྱི་བརྩམས་ཆོས་གློག་བརྙན་བྱ་དགའ་རིགས་མང་པོ་ཐོབ་མྱོང་ཡོད་པ་མ་ཟད། ཁོང་གིས་བོད་ཡིག་དང་རྒྱ་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་རིང་དང་སྒྲུང་ཐུང་བརྒྱ་ལ་ཉེ་བ་ཡོད་འདུག་ལ་ཁོང་གི་བརྩམས་ཆོས་ཁག་ཅིག་ནུབ་ཕྱོགས་ཀྱི་སྐད་ཡིག་ནང་དུའང་བསྒྱུར་ཡོད་འདུག

XS
SM
MD
LG