ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༠༥

རྡ་རམ་ས་ལའི་ཁྱིམ་ཚང་ ༢༡༨ ལ་དཀའ་ངལ་ཡོད་པའི་ཁོངས་ནས་ ༡༩༥ ཡི་དཀའ་ངལ་སེལ་ཡོད་པ།


སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༢ དང་ ༢༣ ལོའི་ལས་དོན་སྙིང་བསྡུས་སྙན་སྒྲོན།
སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༢ དང་ ༢༣ ལོའི་ལས་དོན་སྙིང་བསྡུས་སྙན་སྒྲོན།

སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་མཇུག་སྐྱོང་གི་ལས་ཉིན་སྔ་མ་གཉིས་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༢ དང་ ༢༣ ལོའི་ལས་དོན་སྙིང་བསྡུས་སྙན་སྒྲོན་གྲུབ་མཚམས་ནང་སྲིད་ལས་ཁུངས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པས་བཀའ་འདྲི་གནང་བའི་ནང་། རྡ་རམ་ས་ལའི་ཁང་ལན་ ༢༡༨ གྱི་གནད་དོན་ཐད་ལ་སྤྱི་འཐུས་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་བསྔགས་བརྗོད་དང་འབོད་སྐུལ་གནང་བར་ནང་སྲིད་བཀའ་བློན་མཆོག་ནས་གསལ་བཤད་གནང་དོན། རྡ་རམ་ས་ལའི་ཁུལ་གྱི་ཁྱིམ་ཚང་ ༢༡༨ ཀྱི་གནད་དོན་ལས་ད་ལྟའི་ཆར་ཁྱིམ་ཚང་བརྒྱ་དང་དགུ་བཅུ་གོ་ལྔའི་དཀའ་ངལ་གཙང་སེལ་གྲུབ་པ་དང་། དེའི་ཁོངས་ནས་ཁྱིམ་ཚང་ ༡༦ གིས་སྡོད་ཁང་དང་གསང་སྤྱོད་གཉིས་ཀར་ཁང་ལན་སྤྲད་ཡོད་སྟབས། དེ་དག་ཕུད་པའི་གཞན་ལྷག་མ་ཁྱིམ་ཚང་བདུན་གྱི་གནད་དོན་དེ་དག་ལ་རྒྱ་གར་དབུས་གཞུང་གི་འགག་བྱ་མེད་ན་དཀའ་སེལ་ཐུབ་རྒྱུ་ཡིན་པའི་རེད་བ་ཡོད་པ་གསུངས།

དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཉེ་ལམ་དབུ་འཛུགས་གནང་བའི་ཁྱིམ་ཐོ་ཞིབ་གཤེར་ཐད་ལ་ཁྱིམ་ཐོ་གྲངས་གཤེར་གྱི་ཡིག་ཚགས་ཀྱི་བདག་དབང་སྐོར་དང་། གྲྭ་བཙུན་སྔགས་གསུམ་ལ་འགེངས་ཤོག་ལོགས་སུ་ཡོད་མིན། ཡང་ལ་ལས་མི་འབོར་ཞིབ་གཤེར་དགོས་མཁོ་ཡོད་མིན་སྐོར་སོགས་ལ་སྤྱི་འཐུས་ཁག་ཅིག་གིས་བཀའ་འདྲི་ཞུས་ཡོད་ཅིང་། དེ་དག་ཐད་ལ་ནང་སྲིད་བཀའ་བློན་མཆོག་ནས་གསལ་བཤད་འདི་ལྟར་གནང་སོང་། རོགས་ཚོགས་སམ་འབྲེལ་ཡོད་གང་གིས་བོད་མིའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་སོགས་ཤེས་རྟོགས་ཡོང་བར་གྲངས་ཐོ་དགོས་ངེས་ཡིན་པ་དང་། དེ་བཞིན་ཁྱིམ་ཚང་གང་དང་གང་ཞིག་ལ་དགོས་ངེས་རོགས་སྐྱོར་གནང་དགོས་ནའང་གྲངས་ཐོ་ཚད་ལྡན་དགོས་གལ། ཡང་གྲངས་མཐོའི་བདག་དབང་ནི་ལས་གཞིའི་རོགས་ཚོགས་སུའི་འོག་ལ་ཡོད་ཀྱང་རོགས་ཚོགས་དང་བོད་མིའི་སྒྲིག་འཛུགས་གཉིས་ཀར་ཡོད་པ་དང་། འགེངས་ཤོག་དང་འབྲེལ་བའི་དོན་གནད་ཁག་ཀྱང་སྒྲིག་འཛུགས་དང་རོགས་ཚོགས་གོ་བསྡུར་གྱི་ཐོག་ནས་ཐག་གཅོད་གནང་བ་ཞིག་ཡིན་པ། དགོན་སྡེ་གྲྭ་ཚང་དང་། སློབ་གྲྭ། རྒན་གསོ་ཁང་ལ་འགེངས་ཤོག་ལོགས་སུ་ཡོད་པ་ཡང་གསུངས་གནང་སོང་།

གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་གཉེར་བཞིན་པའི་ཁྱིམ་ཐོ་གྲངས་གྱི་ལས་དོན་གལ་ཆེ་ཡིན་པ་དང་། དེའི་ཐད་ལ་བོད་པ་ཚང་མས་མཉམ་རུབ་དགོས་པ་སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་མཐར་ལགས་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་སོགས་སྤྱི་འཐུས་ཁག་ཅིག་ནས་འབོད་སྐུལ་གནང་།

གཞི་རྩའི་དེ་རིང་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ལྔ་པའི་ཚོགས་ཐུན་གཉིས་པ་ནས་ནང་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༢ དང་ ༢༣ ལོའི་ལས་དོན་སྙིང་བསྡུས་སྙན་སྒྲོན་ཞིབ་འཇུག་དང་བགྲོ་གླེང་བཅས་པ་གནང་གྲུབ་སྟེ། མུ་མཐུད་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙན་སྒྲོན་དང་ཞིབ་འཇུག་ཐོག་ལ་སྤྱི་ཡོངས་ཀྱི་བགྲོ་གླེང་བཅས་གནང་རྒྱུ་ཡིན་པ་རེད། །

གླེང་སྟེགས།

XS
SM
MD
LG