ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

ཨ་ཉ་སེང་སྒྲའི་ཁྲིམས་གཏུག་ཞུ་སྙན་ལ་ཡ་ལན་མེད་པར་དེ་མུར་ལུས་ཡོད་པ།


རུལ་སུངས་ལ་ངོ་རྒོལ་བྱེད་མཁན་དང་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་་ཨ་ཉ་སེང་སྒྲ འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ལིན་ཆི་ལེ།
རུལ་སུངས་ལ་ངོ་རྒོལ་བྱེད་མཁན་དང་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་་ཨ་ཉ་སེང་སྒྲ འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ལིན་ཆི་ལེ།

བོད་མགོ་ལོག་དགའ་བདེ་ནས་ཡིན་པ་ཁོར་ཡུག་ལས་འགུལ་བ་དང་ལྐོག་ཟ་རུལ་སུངས་ལ་ཐེར་འདོན་གནང་མཁན་ཨ་ཉ་སེང་སྒྲ་ལགས་ཀྱི་གྱོད་དོན་བསྐྱར་ཞིབ་དགོས་པའི་ཞུ་གཏུག་ལ་ཤི་ཨན་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ད་དུང་ཡང་ཞིབ་འཇུག་མེད་པར་ལུས་ཡོད་པ་ཨ་ཉ་སེང་སྒྲ་ལགས་སྒེར་གྱི་ཁྲིམས་རྩོད་ ལིན་ ཆི་ལའེ་ ལགས་ཀྱིས་བརྗོད་ཡོད་འདུག་ཅིང་། གནད་དོན་དེའི་སྐོར་ལ་འདི་ག་ཨ་རིའི་རླུང་འཕྲིན་ཁང་ནས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་སུ་བཅར་འདྲི་ཞུས་པའི་སྐབས། ཁོང་གིས་ཨ་ཉ་སེང་སྒྲ་ལགས་ད་ལྟའི་ཆར་མཚོ་སྔོན་ཞིང་ཆེན་མིན་ཡན་བཙོན་ཁང་ནང་ཡོད་ཅིང་། ཁོང་གིས་མི་ལོ་དྲུག་གི་གོང་དུ་སྐབས་དེའི་སྤྱི་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ལ་གདོང་ལེན་བྱས་པར་རྒྱ་ནག་གཞུང་གིས་སྤྱི་ཚོགས་གཏོར་བཤིག་བཏང་བའི་ནགས་ཉེས་ཉེས་འཛུགས་བྱས་པར་ངོས་ལེན་མེད་ཅེས་ཐོག་མར་མགོ་ལོག་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་པར་ཁྲིམས་ཁང་དེས་ངོས་ལེན་བྱས་མེད་པ་དང་། དེ་རྗེས་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཐོའི་ཁྲིམས་ཁང་ལ་ཡང་ཞུ་གཏུག་བྱས་ཀྱང་ངོས་ལེན་བྱས་མེད་པ་གསུངས་གནང་སོང་ལ། དེ་བཞིན་སྔ་ལོའི་ཟླ་བ་བདུན་པའི་ནང་ཤི་ཨན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ཁང་དྲུག་པར་ཕྱིན་ནས་ཞུ་གཏུག་དེའི་སྐོར་ཐག་གཅོད་ཇི་བྱུང་དྲིས་པའི་སྐབས་ཟླ་བ་གསུམ་གྱི་དུས་ཚོད་སྤྲད་ཡོད་ཀྱང་དུས་ཚོད་དེའི་རིང་ཡ་ལན་གང་ཡང་མ་བྱུང་མཐར། ཟླ་བ་འདིའི་ཚེས་བརྒྱད་ཉིན་སླར་ཡང་ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པས་ཤི་ཨན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྐོར་སྐྱོད་ཁྲིམས་ཁང་དྲུག་པར་ཕྱིན་ནས་ཞུ་གཏུག་དེའི་གནས་སྟངས་ཇི་ཆགས་རྒྱུས་ལོན་གནང་སྐབས་ཁྲིམས་ཁང་ནས་ཞུ་གཏུག་དེའི་ཐད་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན་པས། ད་ལྟའི་ཆར་གྲུབ་འབྲས་གང་ཡང་བརྗོད་རྒྱུ་མེད་བ་འགྲེལ་བརྗོད་བྱས་ཡོད་པ་གསུངས་གནང་བྱུང་།

དེ་བཞིན་ཞི་བདེ་ཟླ་བ་ལགས་ཀྱིས་མུ་མཐུད་དེ་རྩ་བའི་ཨ་ཉ་སེང་སྒྲ་ལགས་ནི་བོད་ནང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཅན་ཞིག་ཡིན་ཡང་། རྒྱ་ནག་གཞུང་གིས་ཁོང་གི་བྱེད་བབ་དེ་དག་ལ་སྤྱི་ཚོགས་ཟང་ཟིང་བཟོས་པའི་ཉེས་འཛུགས་བྱས་ཏེ་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི་ཁྲིམས་མཐུན་པ་མ་ཡིན་པ་ཡང་གསུངས་གནང་སོང་།

གཞི་རྩའི་ཨ་ཉ་སེང་སྒྲ་ལགས་འཛིན་བཟུང་མ་བྱས་གོང་ལ་ཁོང་གིས་བོད་ནང་ཁྲིམས་འགལ་གྱི་གཏེར་ཁ་སྔོག་འདོན་དང་། ཁྲིམས་འགལ་གྱི་རི་དྭགས་རྔོན་རྒྱག རྩ་སྟོང་འགྲོ་བཞིན་པའི་སྲོག་ཆགས་ལྐོག་གསོད་སོགས་ལ་ངོ་རྒོལ་གནང་ཡོད་ཅིང་། དེ་བཞིན་ས་གནས་སྲིད་གཞུང་ནང་ལྐོག་ཟ་རུལ་སུངས་སོགས་ལ་ཡང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

ཕྱི་ལོ ༢༠༡༨ ལོའི་ཟླ ༩ ནང་དགའ་བདེ་རྫོང་སྤྱི་བདེ་ཅུས་ཉེན་རྟོག་མི་སྣས་ཨ་ཉ་སེང་སྒྲ་ལགས་ལ་མང་ཚོགས་འདུ་སྐོང་གིས་སྤྱི་ཚོགས་ལྷིང་འཇགས་མེད་པར་བཟོ་བ་དང་། འཁྲུག་རྩོད་དང་རྙོག་དྲ་སློང་བ་སོགས་ཀྱི་ཉེས་མིང་བཀལ་ནས་འཛིན་བཟུང་བྱས་ཏེ། ཕྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༡༢ ཚེས་ ༦ ཉིན་མགོ་ལོག་མི་དམངས་ཁྲིམས་ཁང་ནས་མི་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད། ད་ལྟའི་ཆར་ཨ་ཉ་སེང་སྒྲ་ལགས་བཙོན་འཇུག་བྱས་ནས་ལོ་ངོ་དྲུག་འགྲོ་བཞིན་ཡོད་པ་རེད། །

གླེང་སྟེགས།

XS
SM
MD
LG