ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

བལ་ཡུལ་ལ་ནད་དུག་ཁྱབ་ནས་བོད་པ་ཚོར་དཀའ་ངལ།


༄༅།། བལ་ཡུལ་དུ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་ཐེངས་གཉིས་པ་བྱུང་སྟེ་བཙན་བྱོལ་བོད་མིའི་གནས་སྟངས་ལ་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་བཅར་འདྲི་ཞུས་པར་བལ་ཡུལ་གངས་ཅན་བདེ་རྩ་ཚོགས་པས་འགན་ཁུར་ནས་ལྟ་རྟོག་བྱེད་ཀྱི་ཡོད་ཀྱང་མཐའ་འཚམས་ཁག་གི་བོད་པ་བཙན་བྱོལ་བའི་གཞིས་ཆགས་སོ་སོར་ནད་ཡམས་ཀྱི་དཀའ་ངལ་ཆེ་ཙམ་འདུག སྤོག་ར་ས་གནས་སུ་གཞིས་ཆགས་ཁག་ཅིག་ཡོད་པ་དེ་དག་གི་ནང་དུ་ཟུར་འགོག་ཁང་དང་ལས་བྱེད་པ་བཀོད་སྒྲིག་བྱས་ཡོད། རྒྱལ་ས་ཀ་ཐན་མན་རྡུའི་མཆོད་རྟེན་དང་འཇོར་པ་ཊྲེ། ཁམས་པ་སྒར་བཅས་ས་གནས་ཁག་གསུམ་ལ་ཟུར་འགོག་ཁང་ཞིག་བཀོད་སྒྲིག་བྱས་ནས་མཐུན་འགྱུར་རོགས་རམ་བྱེད་བཞིན་ཡོད་ཅེས་གནས་ཚུལ་མཁོ་སྤྲོད་གནང་འདུག

འཕྲོད་བསྟེན་ལས་སྣེ་དང་སྤྱི་ཚོགས་ཞབས་ཞུ་བ་བཅས་ཀྱིས་ནད་དུག་ཕོག་མཁན་ཚོར་རོགས་རམ་བྱེད་བཞིན་ཡོད་ཅིང་། བལ་ཡུལ་རྒྱལ་ནང་གི་སྨན་ཁང་ཁག་ཏུ་ཉལ་ས་མི་རག་པའི་དཀའ་ངལ་ཆེ། བོད་པ་གནས་འཁོད་ས་གནས་ཆེ་ཤོས་ནི་མཆོད་རྟེན་ཁུལ་དང་འཇོར་པ་ཊྲེ་གཉིས་ཡིན་པས་གཞིས་འགོ་རྩུབ་རི་ལོ་པན་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལ་བཅར་འདྲི་ཞུས་པར་མཆོད་རྟེན་དང་འཇོར་པ་ཊྲེ་ས་གནས་འཕྲོད་བསྟེན་ལས་བྱེད་པ་དང་འཕྲོད་བསྟེན་ལས་བྱེད་པའི་བཟའ་མི་བཅས་ལ་རྒྱ་གར་ནས་དབོར་འདྲེན་བྱས་བའི་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་ཟིན། སྨན་ཐུན་གཉིས་པའི་འགོག་ཁབ་བསླེབས་མཚམས་སུ་བརྡ་གཏོང་རྒྱུ་ཡིན། མཆོད་འཇོར་ལས་ཁུངས་ཀྱིས་ཡོངས་ཁྱབ་ཛ་དྲག་གི་གསལ་བསྒྲགས་ཤིག་སྤེལ་ནས་མི་མང་གིས་འཛེམ་ཟོན་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད། ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གཉིས་པ་འགོ་ཚུགས་པའི་རྗེས་སུ་བལ་ཡུལ་གྱི་བོད་པའི་ས་གནས་ཁག་ཏུ་ཉིན་ལྟར་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། འགའ་ཞིག་ལ་དབུགས་མི་འདང་བའི་དཀའ་ངལ་སོགས་འཕྲད་བཞིན་འདུག ཏོག་དབྱིབས་ནད་རྟགས་ཐོན་རྗེས་ཛ་དྲག་གི་རོགས་རིམ་བྱེད་མཁན་མེད་པ་ཚོར་ས་གནས་ལས་ཁུངས་ཀྱིས་འཕྲལ་དུ་རོགས་སྐྱོར་བྱེད་ཀྱི་ཡོད། ད་ལྟའི་ཛ་དྲག་གི་དུས་འདིར་རང་རེའི་བོད་པའི་སྤྱི་ཚོགས་སམ། ཚོགས་པ་སྐྱིད་སྡུག་ཁག་གི་འཕྲོད་བསྟེན་ལས་བྱེད་པ་དང་བདེ་ཐང་ཅན་རྣམས། ཕོ་མོ་དབྱེར་མེད་ཀྱི་ལྷག་བསམ་ཅན་ཚོས་དང་བླངས་ཞབས་འདེགས་ཞུ་འདོད་ཡོད་ན་འདི་ག་ལས་ཁུངས་སུ་འབྲེལ་བ་གནང་རོགས་ཞེས་ནན་བརྗོད་གནང་འདུག

དེང་སྐབས་བལ་ཡུལ་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༩༠༠༠་ཡས་མས་རེ་འཕར་བཞིན་ཡོད་པས་སྨན་ཁང་དུ་ཉལ་ས་མེད་པ་དང་སྨན་བཅོས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་བོད་མི་ནད་དུག་ཕོག་ཡོད་མཁན་ཕལ་ཆེ་བ་ཟུར་འགོག་ཁང་དང་རང་ཁྱིམ་བཅས་སུ་བསྡད་འདུག ལྷག་པར་དུ་སྒེར་པ་ཁག་ཅིག་གིས་གསང་བ་བྱས་ནས་རང་ཁྱིམ་དུ་བསྡད་ནས་སྨན་ཁང་དུ་མི་སྟོན་པ་དང་གཞན་ལ་འབྲེལ་བ་སོགས་མ་བྱས་པར་བསྡད་ཡོད་པའི་གནས་ཚུལ་ཐོན་འདུག ད་ལྟའི་ཆར་བལ་ཡུལ་དུ་བོད་པ་༧༨་ལ་ནད་དུག་འགོས་ཡོད་པ་དང་མི་༣་ལ་འཆི་སྐྱོན་ཕོག བལ་ཡུལ་གཞུང་གིས་འགྲོ་འོང་བཀག་ནས་དུས་ཡུན་བདུན་ཕྲག་གཉིས་ལྷག་ཕྱིན་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG