ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨོ་སོ་ལའི་རང་དབང་གླེང་སྟེགས་སུ་བོད་པ་མཉམ་ཞུགས།


༄༅།། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་དང་བོད་པ་ལས་འགུལ་བ་འཆི་མེད་ལྷ་མོ་གཉིས་ཕྱི་ཟླ་༥་པའི་ཚེས་༢༣་ནས་ཚེས་༢༥་བར་དུ་ཚོགས་པའི་ཉིན་གསུམ་གྱི་ནོར་ཝེ་རྒྱལ་ས་ཨོ་སོ་ལོའི་རྒྱལ་སྤྱིའི་རང་དབང་གླེང་སྟེགས་ཀྱི་ཚོགས་འདུར་ཞུགས་འདུག ད་ལོའི་ཚོགས་འདུ་དེར་ལས་རིགས་འདྲ་མིན་ཁག་ནས་ཕེབས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་རང་དབང་འཐབ་རྩོད་པ། ཆབ་སྲིད་བཙོན་པ་དང་སྒྱུ་རྩལ་བ། སྙན་ངག་པ་དང་རྩོམ་པ་པོ། གསར་འགོད་པ་དང་ཚོང་པ་སོགས་ཁྱོན་བསྡོམས་མི་ལྔ་བརྒྱ་ལྷག་མཉམ་ཞུགས་བྱས་ཤིང་། ཚོགས་འདུའི་ཉིན་གཉིས་པར་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོས་གཏམ་བཤད་དང་བོད་ནང་གི་དངོས་ཡོད་གནས་སྟངས་ཀྱི་དཔེ་མཚོན་ཏེ། ༢༠༠༦་གི་ཕྱི་ཟླ་༩་པའི་ཚེས་༣༠་ཉིན་རྒྱ་ནག་གི་མཐའ་མཚམས་སྲུང་དམག་གིས་བལ་བོད་ས་མཚམས་ཀྱི་ནང་པ་ལར་མེ་མདའ་བརྒྱབ་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་མཁན་བོད་པ་ཞིག་དམར་གསོད་བྱས་པའི་གློག་བརྙན་བསྟན། དེ་ནས་ཁོ་མོས་ཚོར་ཤུགས་ཆེན་པོས་སོ་སོ་སྒེར་གྱི་རྒྱབ་ལྗོངས་ངོ་སྤྲོད་བྱས་ནས་རྒྱ་གར་དུ་སྐྱེས་པའི་བོད་པ་བཙན་བྱོལ་བ་ཞིག་ཡིན་པ་ངོ་སྤྲོད། ད་ལྟའི་བོད་ནང་གི་གནས་སྟངས་རྣམས་རིམ་བཞིན་གསལ་བཀྲོལ། ཁོ་མོས་༢༠༠༨་ལོར་རྒྱ་ནག་ལ་ཨོ་རྩལ་འགྲན་ཚོགས་ཀྱི་གོ་སྐབས་སྤྲད་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་ཁས་ལེན་བྱས་ཀྱང་དམ་དྲག་སྔར་བཞིན་བྱས་པའི་རྐྱེན་གྱིས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱས་ཀྱང་རྒྱལ་སྤྱིའི་ཐོག་ཏུ་བོད་པའི་རེ་འདུན་འགྲུབ་པའི་རྒྱབ་སྐྱོར་མ་ཐོབ། ༢༠༢༢་ལོར་པེ་ཅིང་ལ་བསྐྱར་དུ་རྒྱལ་སྤྱིའི་ཨོ་རྩལ་ཚོགས་པ་ནི་ནོར་འཁྲུལ་བསྐྱར་བཟློས་བྱུང་བ་ཞིག་རེད། དེས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུ་ཁྲིམས་མཐུན་དུ་གྱུར་པ་ལྟ་བུ་ཞིག་རེད་ཅེས་སྐྱོན་བརྗོད་ཞུས་འདུག

བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོས་ཕྱི་རྒྱལ་རང་དབང་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་པ་ཚོར་རྒྱ་ནག་གཞུང་གིས་རྗེས་འདེད་དང་སོ་ལྟ་བྱེད་བཞིན་འདུག ཁོ་མོ་སྔོན་ཆད་ཁེ་ན་ཌའི་ཊོ་རོན་ཊོ་སློབ་གྲྭ་ཆེན་མོའི་སློབ་ཕྲུག་མཐུན་་ཚོགས་ཀྱི་ཚོགས་གཙོར་ལངས་པའི་སྐབས་དེར་རྒྱ་ནག་གིས་འཇིགས་སྐུལ་རིམ་པ་ཞིག་བྱུང་ལུགས། དེ་བཞིན་བོད་ནང་གི་བོད་ཀྱི་བྱིས་གཉོར་ཁང་དང་བཅའ་སྡོད་སློབ་གྲྭ་ཁག་གི་མཐར་ཐུག་གི་དམིགས་ཡུལ་དང་དེའི་ཉེན་ཁ། བོད་ཀྱི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པའི་གནས་སྟངས་རྣམས་ངོ་སྤྲོད་ཞིབ་ཕྲ་བྱས་འདུག ད་དུང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བོད་དོན་ལས་འགུལ་བ་པདྨ་སྒྲོལ་མ་དང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་གཉིས་ཀྱང་ཚོགས་འདུ་དེར་མཉམ་ཞུགས་བྱས་པར་མ་ཟད། ད་རེས་ཀྱི་ཚོགས་ཆེན་ལ་ཕེབས་པའི་ཚོགས་ཞུགས་འཐུས་མི་ཚོས་བོད་དོན་ལ་དོ་སྣང་དང་ཚོགས་ཞུགས་བོད་པ་ཚོར་ཐུག་ནས་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེན་བསྟན་འདུག་པ་བཅས་ཀྱི་སྐོར། སུད་སི་ནས་འདི་གའི་གསར་འགོད་པ་ནགས་མགོ་འཇིགས་མེད་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་དེ་གསན་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG