ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

བོད་དོན་རྐང་འཁོར་སྐོར་སྐྱོད་ལས་འགུལ་བ་སན་རྡེ་ཤ་་མེ་ཤེ་རམ་རྩ་མཆོག་གྲོང་དུ་འབྱོར་ཡོད་པ།


ཉེ་ལམ་རྒྱ་གར་ཡུལ་མིའི་ཁྲོད་བོད་དོན་གོ་རྟོགས་ཡོང་ཆེད་རྒྱ་གར་གྱི་ནུབ་བྷེང་གལ་མངའ་སྡེའི་གྲོང་ཁྱེར་ ཀལ་ ཀ་ཊ་ནས་རྒྱལ་ས་ལྡི་ལི་བར་རྐང་འཁོར་སྐོར་སྐྱོད་ཐོག་ནས་བོད་དོན་གོ་རྟོག་ལས་འགུལ་སྤེལ་གནང་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་སན་རྡེ་ཤ་མེ་ཤེ་རམ་འམ་བོད་མིང་དུ་བསམ་གཏན་ཡེ་ཤེས་ལགས་སུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་ཁོང་ལས་འགུལ་གྱི་གནས་སྟངས་དང་། དེ་བཞིན་ད་ལྟའི་ཆར་སྐོར་བསྐྱོད་ས་གནས་གང་དུ་འབྱོར་ཡོད་པའི་སྐོར་ལ་བཅར་འདྲི་ཞུས་པར།

རྐང་འཁོར་སྐོར་བསྐྱོད་ཐོག་ནས་བོད་དོན་གོ་རྟོག་ལས་འགུལ་འདི་བཞིན་ཐོག་མར་ཟླ་བ་འདིའི་ཚེས་ ༥ ཉིན་ཀ་ལི་ཀ་ཏ་ནས་འགོ་འཛུགས་བྱས་པ་ཡིན། དེ་རིང་ཚེས་ ༢༣ ལ་ཀུ་ཤི་ན་གྷར་དུ་འབྱོར་ཡོད། ང་རང་གི་ལས་འགུལ་འདིའི་དགོས་འདུན་དེ་བོད་ལ་རང་དབང་གི་ཉི་མ་ཞིག་འཆར་རྒྱུ་དང་། དེ་བརྒྱུད་ནས་རྒྱ་གར་ལ་གྱི་རྒྱལ་སྲུང་ལ་ཁེ་ཕན་ཡོང་བའི་ཆེད་དུ་ཡིན། དེ་ག་ནང་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་སྤྱི་ཚོགས་ཞབས་ཞུ་བ་ཆབ་སྲིད་བཙོན་པ་ཀརྨ་བསམ་གྲུབ་ལགས་དམིགས་བསལ་ནག་ཉེས་གང་ཡང་མེད་པའི་ཐོག་ནས་དེ་སྔ་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་མི་ལོ་བཅོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལ་ལྟའི་ཆར་རྒྱའི་བཙོན་འོག་ཏུ་སྡུག་སྦྱོང་མྱོང་བཞིན་པ་ཡོད་སྟབས། ཁོང་གློད་གྲོལ་ཡོང་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུ་གི་ཡོད།

ད་ལྟའི་ལས་འགུལ་འདི་འགོ་བརྩམས་པ་ནས་ས་གནས་ཁག་ལྔ་ཙམ་གྱི་ནང་ལས་འགུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྐོང་འཚོགས་དང་དེ་བཞིན་སྦྱར་ཡིག་སོགས་ཀྱི་ལམ་ནས་གོ་རྟོག་གང་འཚམ་སྤེལ་ཐུབ་པ་བྱུང་། དེའི་ཐོག་ལ་གཙོ་བོ་གསར་འགྱུརབརྒྱུད་ལམ་ཁག་ནས་དོ་སྣང་ཆེན་པོ་གནང་ནས་གནས་ཚུལ་ཁྱབ་སྤེལ་ཡང་གང་ལེགས་བྱུང་སོང་། མ་ཚད་ས་གནས་རྒྱ་གར་གྱི་ཡུལ་མི་ཚོས་ཀྱང་ལས་འགུལ་ཐོག་ལ་དོ་སྣང་དང་རྒྱབ་སྐྱོར་ཆེན་པོ་གནང་གི་འདུག

དེ་བཞིན་སང་ཉིན་ཞོགས་པ་ནས་རྒྱ་གར་བྱང་ཕྱོགས་ ཨུ་དྷར་པར་ཌེ་ཤི་ མངའ་སྡེའི་གྲོང་ཁྱེར་ གྷོ་ར་པུར་ བརྒྱུད་ ཨ་ཡུ་དྷེ་ཡ། དེ་ནས་ ལག་ནཱོ། ཀཱན་པུར། ཇཱན་སི། གྷོ་ལི་ཨར། ཨག་ར་བཅས་ནས། མཐའ་མ་ཕྱི་ཟླ་ ༡༢ ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་མཇུག་སྒྲིལ་བྱེད་རྒྱུ་ཡིན།

སྤྱིར་བཏང་རྒྱ་གར་ནང་བོད་པའི་གནད་དོན་ཐོག་ལ་མང་ཚོགས་ཁྲོད་ནས་རྒྱུས་མངའ་ཡོད་མཁན་གྱི་བརྒྱ་ཆའི་གྲངས་ཧ་ཅང་དམའ་པོ་ཡིན་པ་རེད། དེ་ཡང་བོད་དང་རྒྱ་གར་གྱི་ཆོས་དང་རིག་གཞུང་གི་འབྲེལ་ལམ་སྐོར་དང་། དེ་བཞིན་རྒྱ་ནག་དང་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ། ལྷག་པར་དུ་བོད་དེ་བཞིན་རྒྱ་གར་གྱི་བདེ་འཇགས་ལ་གལ་གནད་ཇི་ཆགས་སོགས་ཀྱི་གནས་ཚུལ་མང་པོ་ཞིག་རྒྱུས་མངའ་ཞན་པོ་ཡིན་སྟབས། ངས་ལས་འགུལ་འདི་སྤེལ་དགོས་པའི་གནད་དོན་ཡང་འདི་ཡིན།

གཞི་རྩའི་བསམ་གཏན་ཡེ་ཤེས་ལགས་ཀྱིས་ཐོག་མར་སྤྱི་ལོ་ ༢༠༡༤ཟླ་བ་ ༡༢ ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་ཏེ། ནག་པུར་ནས་མགོ་བཙུགས་ཏེ་རྒྱ་གར་གྱི་མངའ་སྡེ་ལྔའི་ནང་ཁྱོན་ཀི་ལོ་མི་ཏྲར་ ༤༠༠༠ ཙམ་ལ་རྐང་འཁོར་སྐོར་སྐྱོད་གནང་སྟེ་ཡུལ་མི་ཚོར་བོད་དོན་གོ་རྟོགས་ལས་འགུལ་སྤེལ་འགོ་བཙུགས་པ་ནས་བཟུང་ད་བར་རྒྱ་གར་རྒྱལ་ཡོངས་ནང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་ལྔ་པ་འདི་སྤེལ་བཞིན་ཡོད་པ་རེད་འདུག་ལ་ཁོང་ནི་དེ་སྔ་སྤྱི་ལོ་༡༩༩༦ ལོའི་ཟླ་ ༢ པའི་ནང་བཞུགས་སྒར་དྷ་རམ་ས་ལ་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་བར་ཞི་བའི་གོམ་བགྲོད་གནང་སྐབས་ཁོང་ལས་འགུལ་དེའི་ནང་མཉམ་ཞུགས་གནང་ཡོད་པ་མ་ཟད་གོམ་བགྲོད་དེའི་ཁྲོད་རྒྱ་གར་བ་ཁོ་རང་གཅིག་པུ་ཡིན་པ་རེད་འདུག

XS
SM
MD
LG