ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་དགོངས་པ་རྫོགས་པ།


བོད་ཀྱི་ཆབ་སྲིད་བཙོན་པ་ཟུར་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཕྱི་ལོ་༢༠༢༠ ཟླ་༡༠ ཚེས་༡༧ ཉིན་སུད་སི་རུ་དགོངས་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན། དགུང་ལོ་༩༣ ལ་སླེབས་པའི་ཆབ་སྲིད་བཙོན་ཟུར་ཁོང་ནི་༡༩༦༥ ལོར་རྒྱ་ནག་གིས་འཛིན་བཟུང་བྱས་ནས་མི་ལོ་གསུམ་ལ་བཙོན་འཇུག་བྱས་པ་དང་། དེའི་རྗེས་ཕྱི་ལོ་༡༩༧༠ ལོར་སླར་ཡང་ལོ་བཅུར་བཙོན་འཇུག་བྱས་ཏེ་སྡུག་སྦྱོང་མནར་གཅོད་མྱངས་པ་རེད། དེ་ནས་༡༩༨༣ ལོར་བཙོན་འཇུག་ཐེངས་གསུམ་པའི་སྐབས་ལོ་༡༥ ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱིས་ཞུམ་པ་མེད་པར་བཙོན་འཇུག་གི་རིང་ལ་བོད་རང་བཙན་གྱི་སྐད་འབོད་བྱས་པར་བརྟེན་བཙོན་འཇུག་ཉེས་ཆད་དེའི་སྟེང་ལོ་༥ སྤར་བ་དང་། ཕྱི་ལོ་༡༩༩༡ ལོར་སུད་སིའི་གཞུང་འབྲེལ་མི་སྣས་འཇིགས་མེད་བཟང་པོ་ལགས་བཙོན་འཇུག་བྱས་ཡོད་པའི་གྲྭ་བཞི་བཙོན་ཁང་ནང་གཟིགས་ཞིབ་གནང་སྐབས་སྐད་འབོད་བྱས་ཏེ་བཙོན་འཇུག་གི་དུས་ཡུན་བསྐྱར་དུ་ལོ་༨ སྤར་ནས་ཁྱོན་བསྡོམས་མི་ལོ་༣༢ རིང་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་མྱངས་པའི་བོད་དོན་འཐབ་རྩོད་པ་ཞིག་དང་། བཙོན་འཇུག་དུས་ཡུན་རིང་ཤོས་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ཆགས་ཡོད།

སྟག་སྣ་འཇིགས་མེད་བཟང་པོ་དམ་པ་ལགས་ནི་ཕྱི་ལོ་༢༠༠༠ ལོར་སྨན་བཅོས་ཀྱི་མིང་ཐོག་ནས་ཨ་རིར་ཕེབས་པ་དང་། ཕྱིས་སུ་སུད་སི་ལ་གནས་སྤོར་བྱས་ནས་རྒྱལ་ཁབ་དེའི་ནང་འཚོ་སྡོད་བྱས་ཡོད། ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱིས་བརྩམས་པའི་མི་ཚེའི་མྱོང་ཚོར་སྐོར་ཞེས་ཁ་བྱང་དུ་བཀོད་པའི་ལོ་རྒྱུས་དཔེ་དེབ་ཅིག་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༤ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགྲེམས་སྟོན་ཁང་དུ་དབུ་འབྱེད་གནང་ཡོད། དེབ་དེའི་ནང་དེ་སྔོན་ཁོང་གིས་ལྷ་སའི་སློབ་ཆུང་དང་པོའི་ནང་དགེ་རྒན་བྱས་པའི་སྐོར་དང་། བཙོན་དུ་ཚུད་པའི་སྐོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་རང་ཉིད་ཀྱི་ལྟ་ཚུལ་སོགས་འཁོད་ཡོད།

XS
SM
MD
LG