ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

རྒྱ་ནག་གཞུང་ལ་བོད་ཀྱི་ཆུ་བོ་སྲུང་སྐྱོབ་དགོས་པའི་གནོན་ཤུགས་སྤྲོད་དགོས་པ།


བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཐའེ་ལེནྜ་ཆུ་ལ་ལོང་ཀོན་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་གོ་སྒྲིག་འོག་བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་བཞི་པ་དེ་བཞིན་ཚེས་ ༢༧ དང་། ༢༨ ཉིན་གཉིས་ཀྱི་རིང་ཐའེ་ལེནྜ་གྱི་རྒྱལ་ས་བྷན་ཀོག་ཏུ་བསྐོང་ཚོགས་གནང་ཡོད་པ་བཞིན་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་སུ་ཚོགས་འདུའི་ནང་དོན་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་པར། ཁོང་གིས་ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་ནས་བོད་ཀྱི་ཆུ་བོའི་འབྱུང་ཁུངས་དང་འབྲེལ་བ་ཡོད་པའི་ཨ་ཤེ་ཡའི་རྒྱལ་ཁབ་ཁག་མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་བོད་ཀྱི་ཆུ་བོ་སྲུང་ཆ་དགོས་པའི་གནོན་ཤུགས་སྤྲད་དགོས་པ་དང་། དེ་ཡང་རྒྱ་ནག་གཞུང་གིས་ད་བར་རྒྱལ་ཁབ་གཞན་དང་མཉམ་དུ་ཆུའི་སྲུང་ཆ་དང་འབྲེལ་བའི་སྐོར་ལ་སྐད་ཆ་དང་། ཁྲིམས་མཐུན་གྱི་ཡིག་ཆ་གང་ཡང་བཞག་མེད་སྟབས། རྒྱ་གཞུང་ནས་ཁྲིམས་མེད་ཀྱིས་བོད་ཀྱི་ཆུ་བོའི་ཁ་ལོ་བསྒྱུར་ནས་བེད་སྤྱོད་ལོག་པར་སྤྱོད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ཁོང་གིས་མུ་མཐུད་ནས་གསུང་གསལ་ལ་ད་རེས་ཀྱི་ཚོགས་འདུའི་ནང་བོད་ཕུད་པའི་ཨེ་ཤ་ཡའི་རྒྱལ་ཁབ་རྒྱ་གར་དང་། པ་ཀི་སི་ཐན་། བལ་ཡུལ། ཐའེ་ལེན་ཌ། ཀམ་བྷོ་ཌིཡ་བཅས་ནས་ཆུའི་ཐོག་གི་ཉམས་ཞིབ་པ་དང་། དོ་སྣང་ཡོད་མཁན་ཤ་སྟག་ཚོགས་བཅར་དུ་ཕེབས་ཡོད་པ་འགྲེལ་བརྗོད་གནང་སོང་བ་དང་སྦྲགས། འདི་ལོའི་ཁོར་ཡུག་ཚོགས་འདུའི་ཐོག་དམིགས་བསལ་གྱི་ཐའེ་ལེན་ཌའི་ཐོག་ནས་དོ་སྣང་ཆེན་པོ་གནང་གི་ཡོད་པ་གསུངས་གནང་སོང་།

གཞི་རྩའི་ད་རེས་བོད་ཀྱི་ཁོར་ཡུག་ཚོགས་འདུ་ཉིན་དང་པོའི་སྐབས་ཆུ་དང་གནམ་གཤིས་འབྲེལ་བའི་བརྒྱུད་རིམ་ཐོག་གནམ་གཤིས་འགྱུར་ལྡོག་གིས་ཆུ་བོར་ཤུགས་རྐྱེན་དང་། རྒྱུག་ཆུའི་གཤོངས་ཀྱི་རྩོད་རྙོག་སྔོན་འགོག་དང་ཡུན་གནས་ཐུབ་པའི་ཡར་རྒྱས། ཡུལ་དེ་རང་གི་ཤེས་བྱ་དང་གནམ་གཤིས་རང་གནས་བཅས་ཀྱི་བརྗོད་གཞི་གསུམ་གྱི་ཐོག་བགྲོ་གླེང་གནང་ཡོད་པ་དང་། ཉིན་གཉིས་པའི་སྐབས་རྒྱལ་མཚམས་དང་འབྲེལ་བའི་ཆུ་བོའི་མཉམ་འབྲེལ་དང་ཆུ་གློག་ཆབ་སྲིད། རྒྱལ་མཚམས་དང་འབྲེལ་བའི་ཆུ་བོའི་བེད་སྤྱོད་དང་དབང་འཛིན་ཐོག་མི་མང་ནས་ཐད་ཀར་མཉམ་ཞུགས། གོ་ལའི་གནམ་གཤིས་གླེང་སྟེགས་ནང་གི་བོད་ཅེས་པའི་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་གནང་ཡོད་པ་སོགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

XS
SM
MD
LG