ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་བ་སྟོང་ཕྲག་གཉིས་ལྷག་ལ་སྨན་ཁབ་རྫུན་མ་བརྒྱབ་འདུག 


༄༅།། རྒྱ་གར་ནུབ་ཕྱོགས་ཀྱི་མུན་བྷེ་གྲོང་ཁྱེར་དང་གྲོང་ཁྱེར་དེའི་ཉེ་འཁོར་དུ་ཉུང་མཐར་ཡང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྫུན་མ་རྒྱག་ཡུལ་༡༢་ཡོད་པ་རྩད་གཅོད་བྱུང་། ཨ་རིའི་སི་ཨེན་ཨེན་དང་སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བ་སྟོང་ཕྲག་འགའ་ཞིག་འགོག་ཁབ་རྒྱག་ཡུལ་དེ་དག་ལ་བསྐྱོད་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཀྱང་དོན་དངོས་སུ་འགོག་ཁབ་དེ་རྣམས་སྨན་ཁབ་ངོ་མ་མིན་པར་ཤེལ་དམ་ནང་དུ་ཚྭ་ཆུ་བླུགས་པའི་སྨན་ཁབ་རྫུན་མ་ཡིན་འདུག རྒྱ་གར་མི་མང་ལ་སྨན་ཁབ་རྫུན་མ་བརྒྱབ་སྟེ་གཡོ་ཁྲམ་གྱི་ལས་སུ་ཞུགས་པའི་སྨན་པ་དང་སྨན་ཞབས་པ། སྨན་ཁང་གི་ལས་སྣེ་སོགས་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན། མུམ་བྷེ་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁུངས་ཀྱི་མཐོ་རིམ་འགོ་ཁྲིད་ཝྭི་ཤཱལ་ཐ་ཀུར་གྱིས་བཤད་པ་ལྟར་ན། མི་༢༥༠༠་ཡས་མས་ཤིག་ལ་སྨན་ཁབ་རྫུན་མ་བརྒྱབ་ཡོད་པ་དང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཡིན་ཟེར་བ་རྣམས་ཚྭ་ཆུ་རེད། ཁོ་ཚོས་སྨན་ཁབ་བརྒྱབ་པར་སྨན་ཡོན་བླངས་པ་སོགས་ཁྱོན་བསྡོམས་ཨ་སྒོར་༢༨༠༠༠་ལྷག་གཡོ་ཁྲམ་བྱས་འདུག ང་ཚོས་སྨན་པ་རྣམས་འཛིན་བཟུང་བྱས་པ་དང་སྨན་ཁང་ཞིག་གིས་སྨན་ཁབ་རྫུན་མ་བཟོས་ནས་བཀོལ་སྤྱོད་བྱས་འདུག སྨན་པ་དེ་དག་གི་སྨན་ཁབ་རྒྱག་སྤྱད་ཀྱང་རྙིང་པ་རེད། ད་སྔ་ང་ཚོས་གཡོ་ཁྲམ་དང་མིའི་ཚེ་སྲོག་ལ་གནོད་འཚེ། ཁྲིམས་འགལ་དང་ལྐོག་གཡོ་ངན་ཇུས་བཅས་ཀྱི་ནག་ཉེས་བཙུགས་ནས་མི་༡༤་འཛིན་བཟུང་བྱས་པ་ཡིན། ཉེན་རྟོག་པས་ཞིབ་འཇུག་བྱེད་རིམ་བཞིན་གཡོ་ཁྲམ་དེར་འབྲེལ་བ་ཡོད་པའི་ཉེས་ཅན་མང་ཙམ་འཛིན་བྱ་སྲིད་ཅེས་བཀྲལ།།

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གི་གསར་འགོད་པས་ལྡི་ལི་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཕྱི་ཟླ་༥་པའི་ཟླ་མཇུག་ནས་ནས་ཕྱི་ཟླ་༦་པའི་མགོ་སྟོད་བར་དུ་རྒྱ་གར་གྱི་མུམ་བྷེ་གྲོང་ཁྱེར་དང་དེའི་གཡས་གཡོན་དུ་སྨན་ཁབ་རྫུན་མ་བརྒྱབ་པའི་གནས་ཚུལ་བྱུང་ཞིང་། རྒྱ་གར་བ་སྨན་ཁབ་རྒྱག་ཏུ་བསྐྱོད་པ་དེ་དག་ལ་སྨན་ཁབ་བརྒྱབ་པའི་དཔང་ཡིག་ཁྱད་མཚར་ཞིག་སྤྲད་པར་དོགས་པ་བྱུང་ནས་ཉེན་རྟོག་པར་གཏུགས། ཉེན་རྟོག་པས་དེ་ལ་ཞིབ་འཇུག་བྱས་ནས་སྨན་ཁབ་རྫུན་མ་བརྒྱབ་ནས་མི་མང་ལ་མགོ་སྐོར་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་། སྨན་ཁབ་རྫུན་མ་རྒྱག་ཡུལ་གཅིག་ནི་ཁང་ཆེན་གཅིག་གི་ནང་དུ་ཁྱིམ་ཚང་མང་པོ་བསྡད་ཡོད་པའི་གྲོང་གླིང་ཞིག་ཡིན་འདུག གྲོང་གླིང་དེའི་རྒྱ་གར་བ་ཞིག་གིས་ང་ཚོའི་ཁང་ཆེན་འདིའི་ནང་གི་མི་ཚོར་ནད་རྟགས་ཐོན་མེད་ཀྱང་སྨན་ཁབ་རྒྱག་དགོས་བྱུང་སོང་། ང་ཚོས་སྨན་ཡོན་སྤྲོད་དགོས་བྱུང་བ་དེ་ལ་དོགས་པ་བྱུང་སོང་ཞེས་བཤད། རྒྱ་གར་གྱི་ཉེན་རྟོག་པས་གཡོ་ཁྲམ་དང་ཁྲིམས་འགལ་གྱི་ཉེས་དོན་དེར་རྩད་གཅོད་བྱེད་ཀྱི་ཡོད་པར་མ་ཟད། མི་མང་སྒེར་པ་ཁག་ཅིག་གིས་ཐད་ཀར་ཁ་མཆུ་བཙུགས་ནས་སྨན་ཁབ་རྫུན་མ་རྒྱག་མཁན་ཚོ་ཁྲིམས་ལ་གཏུག་གི་ཡོད་པ་སྟེ། སི་དྷར་ཐ་ཅནྡྲ་ཤེ་ཀར་ཞེས་པའི་མུམ་བྷེ་གྲོང་ཁྱེར་གྱི་ཁྲིམས་རྩོད་པ་ཞིག་གིས་ཕྱི་ཟླ་༦་པའི་ཚེས་༢༤་ཉིན་སྤྱི་དམངས་བདེ་ཐབས་ཞེས་པའི་ཁ་མཆུ་བཙུགས། ཁ་མཆུའི་ཡིག་ཆའི་ནང་དུ་མི་མང་༢༠༠༠་ལྷག་གཡོ་ཁྲམ་དང་མགོ་སྐོར་འོག་ཏུ་ཚུད་པ་ངེས་གཏན་བྱུང་། བྷོམ་བྷེ་མཐོ་རིམ་ཁྲིམས་ཁང་ལ་གཏུགས་པའི་ཁ་མཆུའི་ཡིག་ཆ་དེར་གཡོ་ཁྲམ་དེ་ཧང་སང་དགོས་པ་ཞིག་རེད། མ་ཧ་ར་ཤི་ཊི་ར་མངའ་སྡེ་གཞུང་དང་འབྲེལ་ཡོད་ས་གནས་ཁག་གི་འགོ་ཁྲིད་ཚོས་ཁྲིམས་གཅོད་དྲག་པོ་བྱ་དགོས། དེ་ལྟར་བྱུང་ན་མ་འོངས་པར་མི་དམངས་གཡོ་འོག་ཏུ་མི་ཚུད་པ་དང་ཁྲམ་པའི་བྱ་བ་འདི་རྣམས་འགོག་ཐུབ་པའི་དགེ་མཚན་ཡོད་ཅེས་བཀོད་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་མུམ་བྷེ་གྲོང་ཁྱེར་གཅིག་པུ་མིན་ཞིང་། རྒྱ་གར་ཤར་ཕྱོགས་ཀྱི་ནུབ་བྷང་ག་ལ་མངའ་སྡེའི་ནང་དུའང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྫུན་མ་བརྒྱབ་ཡོད་པའི་ཉེན་ཁ་ཆེན་པོ་འདུག་ཅེས་མངའ་སྡེ་དེའི་གཞུང་འབྲེལ་མི་སྣ་ཚོས་དོགས་པ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། དེང་སྐབས་རྒྱ་གར་གྱི་ས་གནས་ཁག་ཅིག་ཏུ་རྒྱག་གི་ཡོད་པའི་སྨན་ཁབ་རྫུན་མ་སྟེ། ཚྭ་ཆུ་བླུགས་པའི་ཤེལ་དམ་དེ་རྣམས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ངོ་མའི་ཤེལ་དམ་ཡིན་འདུག རྒྱ་གར་བ་ཁག་ཅིག་གིས་རང་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པ་གཞུང་གི་ཐོ་གཞུང་དུ་འཁོད་མེད་པ་ཤེས་རྟོགས་བྱུང་བའི་རྗེས་སུ་སྨན་ཁབ་ངོ་མ་ཡིན་མིན་དོགས་པ་བྱུང་། སྨན་ཁབ་ངོ་མ་བརྒྱབ་པའི་མི་ཚོར་འགོག་ཁབ་གཞུག་ཏུ་ཉི་མ་རེ་ཟུང་ལ་བདེ་ཐང་མིན་པ་ཅུང་ཙམ་འབྱུང་གི་ཡོད་ཀྱང་སྨན་ཁབ་རྫུན་མ་བརྒྱབ་པའི་མི་ཚང་མར་འགོག་ཁབ་གཞུག་གི་བདེ་ཐང་མིན་པའི་མྱོང་ཚོར་ཅི་ཡང་མེད་པས་འགོག་ཁབ་ངོ་མ་ཡིན་མིན་ལ་དོགས་པ་ཆེ་རུ་སོང་སྟེ་ཉེན་རྟོག་པར་ཞུ་གཏུགས་བྱས་འདུག ད་ལྟ་རྒྱ་གར་གཞུང་གིས་མུམ་བྷེ་གྲོང་ཁྱེར་གྱི་ཤཱི་ཝྭམ་སྨན་ཁང་སྒོ་བརྒྱབ་སྟེ་སྨན་ཁང་གི་བདག་པོ། སྨན་པ་ཤཱིབ་ར་ཇ་པ་རཱི་ཡ་དང་ཆུང་མ་ཎི་ཏ་པ་ཏ་རི་ཡི་གཉིས་ལ་གཡོ་ཁྲམ་གྱི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་འདུག ཤཱི་ཝྭམ་སྨན་ཁང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་ཆོག་གི་ཡོད་མོད། འོན་ཀྱང་སྨན་ཁང་དེར་མི་མང་འཚོ་གནས་བྱ་ཡུལ་ཁང་ཆེན་ཁག་ཏུ་མི་ཚོགས་བསྡུས་ནས་སྨན་ཁབ་རྒྱག་ཆོག་པའི་འཁྲལ་ཆ་མ་ཐོབ། ཁོ་ཚོས་སྨན་ཁང་ནང་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པའི་དམ་ཤེལ་སྟོང་པ་རྣམས་གད་སྙིགས་ནང་དུ་གཡུག་དགོས། ཡིན་ནའང་ཤཱི་ཝྭམ་ཁང་གིས་སྨན་ཁབ་ངོ་མའི་ཤེལ་དམ་སྟོང་པ་རྣམས་མ་གཡུགས་པར་དེའི་ནང་དུ་ཚྭ་ཆུ་བླུགས་ནས་མི་མང་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཡིན་ཞེས་བརྒྱབ། མུམ་བྷེ་གྲོང་ཁྱེར་གྱི་ཉེན་རྟོག་པའི་འགོ་ཁྲིད་པ་ཏིལ་ཞེས་པ་ཞིག་གིས་ཉེས་འཛུགས་བྱ་ཡུལ་མང་དག་ཅིག་གིས་སྨན་ཁབ་ནང་དུ་ཚྭ་ཆུ་བླུགས་པ་ཡིན། ཁོ་ཚོས་ཚྭ་ཆུ་བླུགས་པའི་སྨན་ཁབ་རྫུན་མ་རྣམས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ངོ་མ་ཡིན་ཞེས་མི་མང་ལ་བརྒྱབ་པ་ངོས་ལེན་བྱས་སོང་ཞེས་བཤད།།

ད་ལོའི་ཕྱི་ཟླ་༤་པ་ནས་༦་པའི་བར་དུ་རྒྱ་གར་ལ་ཏོག་དབྱིབས་ནད་རླབས་ཐེངས་གཉིས་པ་འཕྱུར། ནད་རླབས་ཐེངས་གཉིས་པའི་དུས་སུ་རྒྱ་གར་རྒྱལ་ཡོངས་སུ་ཉིན་ལྟར་ནད་པ་གསར་པ་འབུམ་༤་ཡས་མས་རེ་དང་མི་༤༠༠༠་ཡས་མས་རེར་འཆི་སྐྱོན་བྱུང་། ད་དུང་ཡང་རྒྱ་གར་རྒྱལ་ཡོངས་སུ་ཉིན་ལྟར་ནད་པ་གསར་པ་ཁྲི་ཚོ་༤་ཡས་མས་རེ་དང་མི་༩༠༠་ཡས་མས་རེར་འཆི་སྐྱོན་འབྱུང་། ཕྱི་ཟླ་༧་པའི་ཚེས་༦་ཉིན་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་རིང་དེར་རྒྱ་གར་རྒྱལ་ཡོངས་སུ་མི་༣༤༧༠༣་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོས། སྔ་ཉིན་དེར་རྒྱ་གར་བ་༣༩༧༩༦་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་གནས་ཚུལ་སྤེལ། ད་ལྟའི་བར་དུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་འབུམ་༤་ལྷག་ལ་འཆི་སྐྱོན་དང་མི་བྱེ་བ་༣་ལྷག་ལ་ཏོག་དབྱིབས་ནད་དུག་འགོས། ཉེ་དུས་ཤིག་ནས་རྒྱ་གར་གྱི་མངའ་སྡེ་མང་ཆེ་བས་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་དང་ཚོང་ལས་རྣམས་བསྐྱར་དུ་སྒོ་འབྱེད། འགྲིམ་འགྲུལ་རྣམས་སླར་ཡང་འགོ་ཚུགས། དེར་བརྟེན་རྒྱ་གར་གྱི་འཕྲོད་བསྟེན་ལས་སྣེ་ཚོ་རྒྱ་གར་ལ་ནད་རླབས་གསུམ་པ་ཞིག་འཕྱུར་སྲིད་པའི་ཉེན་ཁ་ཆེན་པོ་འདུག གལ་སྲིད་རྒྱ་གར་ལ་ནད་རླབས་ཐེངས་གསུམ་པ་ཞིག་འཕྱུར་ན་སྲིད་བློན་མོ་དྷིའི་གཞུང་གིས་ནད་ཡམས་སྔོན་འགོག་བྱེད་ཐུབ་རྒྱུ་ཡིན་མིན་ལ་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཟླ་བ་སྔོན་མ་ནས་སྲིད་བློན་མོ་དྷིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྣམས་རྒྱ་གར་དབུས་གཞུང་གིས་སྟངས་འཛིན་བྱ་རྒྱུ་དང་མངའ་སྡེ་ཁག་ལ་རིན་མེད་དུ་སྨན་ཁབ་བགོ་འགྲེམ་བྱ་རྒྱུ་ཡིན་ཞེས་བསྒྲགས། དེའི་རྗེས་སུ་རྒྱ་གར་གཞུང་གིས་ཉིན་གཅིག་གི་རིང་དེར་མི་ས་ཡ་༨་ལ་འགོག་ཁབ་བརྒྱབ་ནས་གྲུབ་འབྲས་ཆེན་པོ་ཐོན། ཡིན་ནའང་རྒྱ་གར་ལ་མི་འབོར་དུང་ཕྱུར་༡༣་དང་ཕྱེད་ཀ་ལྷག་ཡོད་པས་མི་གྲངས་དུང་ཕྱུར་༣་དང་ཕྱེད་ཀར་མ་གཏོགས་འགོག་ཁབ་རྒྱག་མ་ཐུབ། ཨ་རིའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་གཞི་གྲངས་སུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་གཉིས་ཀའི་འགོག་ཁབ་བརྒྱབ་ཟིན་པའི་མི་གྲངས་ས་ཡ་༦༢་སྟེ། རྒྱ་གར་གྱི་མི་འབོར་བརྒྱ་ཆ་༤་དང་ཕྱེད་ཀ་ལས་མི་འདུག་ཅེས་བཀོད། ནད་རླབས་ཐེངས་གཉིས་པའི་རྗེས་སུ་རྒྱ་གར་གཞུང་གིས་མི་དམངས་ལ་འགོག་ཁབ་རྒྱག་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། དེའི་སྔོན་ལ་རྒྱ་གར་གཞུང་གིས་ཏོག་དབྱིབས་ནད་དུག་འགོག་གི་སྨན་ཁབ་རྣམས་ཕྱིའི་རྒྱལ་ཁབ་ཁག་ལ་བགོ་འགྲེམ་དང་རོགས་སྐྱོར། རྒྱ་དཀར་ནག་གཉིས་ཀྱིས་སྨན་ཁབ་རོགས་རམ་སྤྲད་ནས་ཕྱི་འབྲེལ་རྒྱ་སྐྱེད་ཀྱི་འགྲན་སྡུར་ཚུགས། ད་ལྟ་རྒྱ་གར་གཞུང་གིས་རང་གི་མི་དམངས་ལ་འགོག་ཁབ་འདང་ངེས་ཤིག་མ་བྱུང་བར་དུ་ཕྱི་རྒྱལ་ལ་སྨན་ཁབ་ཕྱིར་ཚོང་དང་རོགས་སྐྱོར་སྤྲོད་རྒྱུ་མིན་པའི་ཐག་བཅད། སྲིད་བློན་མོ་དྷིའི་གཞུང་གིས་ཏོག་དབྱིབས་ནད་དུག་བཀག་སྡོམ་ནན་པོ་ཞིག་བྱས་མ་ཐུབ་པར་སྐྱོན་བརྗོད་དྲག་པོ་འཕོག་གི་ཡོད་པ་རེད།།

XS
SM
MD
LG