ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༣/༠༤

རྒྱ་གཞུང་གིས་སྨན་ཡོན་བཅད་པར་ལས་འཁྱུར་བ་ཚོས་ངོ་རྒོལ།


༄༅།། རྒྱ་ནག་གཞུང་གིས་ལས་འཁྱུར་བའི་སྨན་ཡོན་བཅད་པར་ཝུ་ཧན་གྲོང་ཁྱེར་དུ་རྒན་རྒོན་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༡༦་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་གཟའ་ལྷག་པའི་ཉིན་གྱི་ངོ་རྒོལ་ནི་བདུན་ཕྲག་གཅིག་གི་ནང་དུ་ཝུ་ཧན་གྲོང་ཁྱེར་དུ་ངོ་རྒོལ་བྱས་པ་ཐེངས་གཉིས་པ་ཡིན་ཞིང་། ཞིས་ཅིན་ཕིང་གིས་ལོ་༣་ལ་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར། ནད་དུག་བརྟག་དཔྱད་དང་འགྲོ་འོང་བཀག་སྡོམ། ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོར་སྨན་བཅོས་། མི་མང་གི་ཚ་གློག་གྲང་གློག་སོགས་ཀྱི་འགྲོ་གྲོན་ཡོད་དོ་ཅོག་ས་གནས་སྲིད་གཞུང་ཁག་གིས་གཏོང་དགོས་ཤིང་། དེས་ན་རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་ལ་འགྲོ་གྲོན་མེད་པར་དཔལ་འབྱོར་གྱི་དཀའ་ངལ་འཕྲད། སྤྱི་དམངས་ལས་འཁྱུར་བ་ཚོར་རྒས་ཕོགས་དང་སྨན་བཅོས་ཀྱི་ཁེ་ཕན་བཅད་པའམ། ཡང་ན་ཁེ་ཕན་དེ་རྣམས་ཉུང་དུ་བཏང་སྟེ་བགྲེས་སོང་ཚོས་ངོ་རྒོལ་བྱ་དགོས་པར་གྱུར། ནད་ཡམས་ཁྱབ་གདལ་གྱི་དུས་སུ་རྒྱ་ནག་གི་ས་ཁང་ཚོང་ལས་གཙོ་བོར་གྱུར་པའི་ཚོང་ལས་ཁག་ཉམས་རྒུད་དང་དཔལ་འབྱོར་ཉམས་རྒུད་ཕྱིན་ནས་དབུས་གཞུང་གི་རོགས་དངུལ་མ་ཐོབ། རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་གིས་སྤྱི་ཚོགས་འགན་སྲུང་གི་ཁེ་ཕན་རྣམས་སྤྲོད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན། སྤྱི་ཚོགས་དྲྭ་ལམ་དུ་བརྙན་ཐུང་ཞིག་ཁྱབ་ཡོད་པ་དེའི་ནང་དུ་ཝུ་ཧན་གྲོང་ཁྱེར་གྱི་ཀྲུང་ཧྲན་སྤྱི་གླིང་དུ་མི་ཚོགས་ཆེན་པོ་འདུས་ནས་ངོ་རྒོལ་ལས་འགུལ་སྤེལ། རྒྱ་གཞུང་གི་ཉེན་རྟོག་པས་འགོག་ར་བརྒྱབ་སྟེ་མི་ཚོགས་ཁ་གཏོར་གཏོང་ཐབས་སུ་འབད། ཉེན་རྟོག་པ་ཚོས་མི་ཚོགས་དེ་ཕྱིར་འདེད་བྱས་ཀྱང་རྒད་པོ་རྒན་མོ་ཚོས་ཉེན་རྟོག་པའི་གདོང་ལ་ཅེར་ནས་ཁ་གཏད་དུ་ལངས། ཁོ་ཚོས་རྒྱལ་སྤྱིའི་གླུ་དབྱངས་བླངས། རྒྱལ་སྤྱིའི་གླུ་དབྱངས་ཀྱིས་དམར་ཤོག་ཚོགས་པ་དང་ངོ་རྒོལ་བ་གཉིས་ཀ་མཚོན། རྒྱ་ནག་གི་ངོ་རྒོལ་བ་ཚོས་དམར་ཤོག་ཚོགས་པས་རང་གི་རྩ་བའི་ལྟ་གྲུབ་དོར་ནས་གོལ་སར་འཕྱན་འདུག་ཅེས་རྣམ་འགྱུར་བསྟན། ཝུ་ཧན་གྲོང་ཁྱེར་གྱི་བདེན་དཔང་བ་མི་བདུན་གྱིས་ངོ་རྒོལ་དེ་མིག་གིས་མཐོང་ཡོད་པ་དང་མི་གཉིས་ཀྱིས་ངོ་རྒོལ་ལས་འགུལ་དེར་མི་ཚོགས་ཆེན་པོ་ཞུགས་འདུག་ཟེར། མི་གཅིག་གིས་ངོ་རྒོལ་བ་ཁག་ཅིག་ཉེན་རྟོག་པས་རླངས་འཁོར་ནང་དུ་ཁྲིད་ནས་བཀག་ཉར་བྱས་སོང་ཞེས་བཀྲལ།།

དེ་རིང་གཟའ་ཕུར་བུའི་ཉིན་སླར་ཡང་རྒན་རྒོན་ཉིས་བརྒྱ་ཡས་མས་ཤིག་ཝུ་ཧན་གྲོང་ཁྱེར་གྱི་ཀྲུང་ཧྲན་སྤྱི་གླིང་དུ་འདུས་ནས་ངོ་རྒོལ་ལས་འགུལ་རྒྱུན་བསྐྱངས། ཁོ་ཚོ་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ཆུང་དུ་བཏང་བར་ཁོང་ཁྲོས་བརྟས། རྒྱ་ནག་གཞུང་གིས་དཀྱུས་ཆས་གྱོན་པའི་ཉེན་རྟོག་པ་བཀྲམ་ནས་དམ་དྲག་ཆེ་རུ་བཏང་སྟེ་རྒན་རྒོན་ཚོས་བདེ་སྡུག་གླེང་གི་ཡོད་པ་རྣམས་བརྙན་འཕྲིན་བླངས། རྒན་རྒོན་ངོ་རྒོལ་བ་ཚོ་འགོག་རའི་དཀྱིལ་དུ་བཅུག་སྟེ་རྒྱབ་ལོགས་སུ་དཀྱུས་ཆས་གྱོན་པའི་ཉེན་རྟོག་པ་༡༠༠་ཡས་མས་ཤིག་བཀྲམ། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་རྒན་རྒོན་གྱི་མི་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པས་སྤྱི་ཚོགས་ལ་འགལ་ཟླ་འབྱུང་རྒྱུ་ཇེ་མང་དུ་འགྲོ་ཤས་ཆེ། རྒྱ་ནག་ནི་འཛམ་གླིང་གི་མི་དམངས་དབུལ་ཕྱུག་གཉིས་དོ་མཉམ་མེད་པའི་རྒྱལ་ཁབ་གཙོ་གྲས་སུ་ཚུད། རྒྱ་ནག་གི་གྲོང་ཁྱེར་ཁག་གི་མི་མང་ལ་འཕྲོད་བསྟེན་ལྟ་སྐྱོང་གི་འགན་སྲུང་ལམ་ལུགས་ཚུགས། གྲོང་ཁྱེར་གྱི་མི་མང་ལ་ཐུན་མོང་གི་འཕྲོད་བསྟེན་ལྟ་སྐྱོང་དང་སྐྱེ་བོ་སྒེར་གྱི་འཕྲོད་བསྟེན་ལྟ་སྐྱོང་གཉིས་ཡོད་ཅིང་། རྒྱ་ནག་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ལམ་ལུགས་ལ་བཅོས་བསྒྱུར་བྱེད་ཀྱི་ཡོད་པའི་གོ་སྐབས་བཟུང་སྟེ་ས་གནས་སྲིད་གཞུང་ཁག་གིས་སྐྱེ་བོ་སྒེར་གྱི་ཐོ་ཁོངས་སུ་བཅུག་པའི་སྨན་བཅོས་ཀྱི་རོགས་དངུལ་ཉུང་དུ་གཏོང་རྒྱུའི་ཐག་བཅད། ཕྱི་ཟླ་༢་པའི་ཚེས་༨་ཉིན་ངོ་རྒོལ་ཐེངས་དང་པོ་བྱུང་། རྒྱ་ནག་གི་རྒན་རྒོན་ཚོས་སྨན་བཅོས་ཐོབ་ཐང་སླར་གསོ་མ་བྱས་ན་བདུན་ཕྲག་གཅིག་གི་རྗེས་སུ་བསྐྱར་དུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས། ཝུ་ཧན་གྲོང་ཁྱེར་གཞུང་གིས་རྒན་རྒོན་ཚོས་བཏོན་པའི་དགོས་འདུན་ཁག་མ་གྲུབ་པར་གཟའ་ལྷག་པའི་ཉིན་ངོ་རྒོལ་ཐེངས་གཉིས་པ་བྱུང་འདུག

ཕྱི་ཟླ་༢་པའི་ཚེས་༡༦་ཉིན་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཝི་པོ་དྲྭ་ཚིགས་སུ་འཕྲོད་བསྟེན་འགན་སྲུང་དང་ཝུ་ཧན་གྱི་ངོ་རྒོལ་ཞེས་བྲིས་ནས་ཁྱབ་སྤེལ་བྱུང་བར་མི་ས་ཡ་མང་པོས་ལྟ་ཀློག་བྱུང་། རྒྱ་གཞུང་གི་དྲྭ་སྲུང་བ་ཚོས་འཕྲལ་དུ་འཕྲོད་བསྟེན་འགན་སྲུང་ཞེས་པའི་ཚིག་གྲུབ་ནག་སུབ་བཏང་བར་མ་ཟད། ཝི་པོ་དྲྭ་ཚིགས་སུ་ཝུ་ཧན་དང་ཀྲུང་ཧྲན་སྤྱི་གླིང་ཞེས་བྲིས་ཀྱང་པར་དང་བརྙན། དེ་བཞིན་བདུན་ཕྲག་སྔོན་མར་བྱུང་བའི་ངོ་རྒོལ་ལས་འགུལ་གྱི་གནས་ཚུལ་ཅི་ཡང་མི་རྙེད། རྒྱ་ནག་གཞུང་གིས་དྲྭ་སྲུང་བ་སྟོང་ཕྲག་མང་པོ་གླས་ནས་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་བྱེད་ཀྱི་ཡོད་མོད། འོན་ཀྱང་ཝུ་ཧན་གྱི་ལས་འཁྱུར་བ་ཚོས་ངོ་རྒོལ་བྱས་པ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་སྟེ་འཛམ་གླིང་ཡོངས་ཀྱི་མིག་ལམ་དུ་མངོན། གལ་སྲིད་རྒྱ་ནག་གཞུང་གིས་སྤྱི་དམངས་ཀྱི་ཁོང་ཁྲོ་འཇམ་ཐབས་ཤིག་འཚོལ་དགོས་ཚེ། གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་བྱས་ནས་ཕན་ཐོགས་མེད་པ་དང་ཐབས་ལམ་གཞན་པ་ཞིག་བཙལ་དགོས་ཞེས་གནས་ཚུལ་སྤེལ། བྷི་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པས་རྒྱ་ནག་གི་ཧུ་ཝན་དང་ཏ་ལེན་གྲོང་ཁྱེར་གཉིས་ཀྱི་གཞུང་འབྲེལ་མི་སྣ་ཚོར་སྐད་ཆ་དྲིས་ཀྱང་ལས་འཁྱུར་བ་ཚོས་ངོ་རྒོལ་བྱས་པ་ཤེས་རྟོགས་བྱུང་མ་སོང་ཞེས་ལན་བཏབ། ས་གནས་ཁག་གི་ཉེན་རྟོག་ལས་ཁུངས་ཁག་ལ་ཁ་པར་བཏང་ནས་ངོ་རྒོལ་ལས་འགུལ་དེའི་སྐོར་རྩད་གཅོད་བྱས་ཀྱང་ལན་འདེབས་མ་བྱུང་། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གིས་ཝུ་ཧན་གྱི་ངོ་རྒོལ་བ་ཕལ་མོ་ཆེ་དྭགས་ལྕགས་བཟོ་གྲྭ་ཞིག་གི་བཟོ་པ་ལས་འཁྱུར་བ་རྣམས་རེད་ཅེས་གནས་ཚུལ་སྤེལ། ཝུ་ཧན་གྱི་ཚོང་ཁང་བདག་པོ་ཞིག་གིས་ཉེན་རྟོག་པས་རྒྱ་ལམ་གྱི་ཕྱོགས་གཉིས་བཀག་སྟེ་མི་མང་རྣམས་ཀྲུང་ཧྲན་སྤྱི་གླིང་གི་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱེད་དུ་བཅུག་མ་སོང་ཞེས་བཤད།།

ནེའུ་ཡོག་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཝུ་ཧན་གྲོང་ཁྱེར་གཞུང་གི་དྲྭ་ཚིགས་སུ་འཕྲོད་བསྟེན་ལྟ་སྐྱོང་ལམ་ལུགས་ལ་ལེགས་བཅོས་བྱས་ནས་གཞུང་གིས་སྨན་ཡོན་རོགས་རམ་སྤྲོད་རྒྱུ་ཉུང་དུ་བཏང་བ་བདེན་པ་རེད། ཡིན་ནའང་མཐར་ཐུག་སྒེར་པ་སོ་སོས་སྨན་ཡོན་ཁ་གསབ་སྤྲོད་དགོས་པ་རྣམས་ཉུང་དུ་འགྲོ་ངེས་ཡིན། ཅིའི་ཕྱིར་ཞེ་ན་ཐུན་མོང་གི་འཕྲོད་བསྟེན་སྨན་ཡོན་གྱི་དངུལ་སྒོར་མང་དུ་འཕེལ་རྒྱུ་རེད་ཅེས་རྒྱུ་མཚན་བགྲངས། གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་ལས་འཁྱུར་བ་ཚོས་ངོ་རྒོལ་བྱས་པ་གཅིག་པུ་མིན་པ་སྟེ། ཟླ་བ་སྔོན་མར་རྒྱ་ནག་གི་ལེའོ་ནིང་ཞིང་ཆེན་གྱི་ཏ་ལེན་གྲོང་ཁྱེར་དང་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཀྲུག་གྲོང་ཁྱེར་གྱི་སྲིད་གཞུང་ཁག་གི་མདུན་དུའང་མི་ཚོགས་འདུས་ནས་སྨན་བཅོས་ཀྱི་རོགས་དངུལ་ཉུང་དུ་བཏང་བར་ངོ་རྒོལ་བྱས། སིངྒ་པུར་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་ཉམས་ཞིབ་ཀྱི་ཟུང་འབྲེལ་སློབ་དཔོན་ཨལ་ཧྥ་རེ་ཌི་ཝུ་ཡིས་ངོ་རྒོལ་བ་མང་ཆེ་བ་ནི་གཞུང་གི་ལས་བྱེད་པ་ཟུར་པ་དང་གཞུང་གཉེར་བཟོ་གྲྭ་ཁག་གི་བཟོ་པ་ལས་འཁྱུར་བ་རྣམས་རེད། ཁོ་ཚོར་རྒྱ་ནག་གཞུང་གིས་རྒས་ཕོགས་དང་སྨན་བཅོས་ཀྱི་རོགས་དངུལ་སྤྲོད་རྒྱུའི་ཁས་ལེན་བྱས་པ་རྣམས་མ་བསྒྲུབས་པར་ངོ་རྒོལ་ལས་འགུལ་ལངས། ཁོ་ཚོས་ལོ་མང་རིང་ཟླ་ཕོགས་ཉུང་ཉུང་བླངས་ཏེ་རྒས་དུས་སྨོན་བཅོས་ཀྱི་འགྲོ་གྲོན་དང་རྒས་ཕོགས་གྱ་ནོམ་པ་ཞིག་ལེན་རྒྱུ་ཡོད་པའི་རེ་ལྟོས་བཅངས། རྒྱལ་སྤྱིའི་ལས་འཁྱུར་གྱི་ལོ་ཚད་དང་མ་འདྲ་བར་རྒྱ་ནག་གི་ལས་བྱེད་པ་རྣམས་ལོ་༥༠་ནས་༥༥་ཡས་མས་སུ་བགྲེས་ཡོལ་དུ་འགྲོ་ཡི་འདུག རྒྱ་ནག་གི་བུད་མེད་རྣམས་ལོ་༥༥་དང་སྐྱེས་པ་རྣམས་ལོ་༦༠་ཐམ་པར་བགྲེས་ཡོལ་དུ་འགྲོ་རྒྱུ་ནི་རྒྱུན་ལྡན་ཞིག་ཡིན་པས་ལས་བྱེད་པ་ཟུར་པ་དང་བཟོ་པ་ཟུར་པ་ཚོར་ཁས་ལེན་བྱས་པ་ལྟར་རྒས་ཕོགས་དང་སྨན་བཅོས་ཀྱི་འགྲོ་གྲོན་སྤྲོད་ཐུབ་ཀྱི་མེད་པ་རེད་ཅེས་བསྟན།།

ཕྱི་ཟླ་༢་པའི་ཚེས་༡༦་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། མི་མང་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པའི་གསར་འགྱུར་ལས་ཁང་ཁག དེ་བཞིན་སྐྱེ་བོ་སྒེར་པ་ཚོར་གསར་འགྱུར་རྫུན་མ་སྤེལ་བའི་ནག་ཉེས་བཙུགས་ནས་དྲག་གནོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་འཆར་འདུག རྒྱ་ནག་གཞུང་གིས་ཆོག་མཆན་མེད་པར་བཙུགས་པའི་གསར་འགྱུར་ལས་ཁང་ཞེས་པ་དེའི་ཁོངས་སུ་ཕྱི་རྒྱལ་དང་རྒྱལ་ནང་གི་གསར་འགོད་པ་གཉིས་ཀ་འདུ། འདི་ནི་དྲྭ་ལམ་དུ་གནས་ཚུལ་མང་པོ་སྤེལ་གྱི་ཡོད་པ་རྒྱ་ནག་གཞུང་གིས་འགོག་ཐབས་བྱེད་ཀྱི་ཡོད་པ་ཞིག་རེད། ༢༠༢༢་ལོ་ནས་རྒྱ་ནག་གཞུང་གིས་དྲྭ་ལམ་གཙང་དག་གི་ལས་འགུལ་མགོ་བརྩམས་ཏེ་གཞུང་གི་ཆོག་མཆན་མེད་པར་བཙུགས་པ་རེད་ཅེས་དྲྭ་ལམ་གསར་འགྱུར་ལས་ཁང་ཇི་སྙེད་ཅིག་སྒོ་བརྒྱབ། རྒྱ་ནག་དབུས་གཞུང་དྲིལ་བསྒྲགས་ལྷན་ཁང་གིས་དྲྭ་ལམ་གཙང་དག་བྱས་པའི་རྗེས་སུ་གསར་འགྱུར་གྱི་སྤུད་ཚད་ཡག་ཏུ་བཏང་ཡོད་ཅེས་བསྒྲགས། གསར་འགོད་པར་དྲག་གནོན་བྱ་རྒྱུའི་ལས་འགུལ་གསར་པའི་ཁོངས་སུ་ཚོང་པ་ཚོའི་ངན་མཚང་བརྡོལ་རྒྱུ་ཡིན་ཞེས་འཇིགས་སྐུལ་གྱི་གསར་འགྱུར་སྤེལ་བ་དང་གསར་འགོད་པ་ཡིན་ཁུལ་བྱས་པ། གསར་འགྱུར་རྫུན་མ་སྤེལ་བ། ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་སྲིད་ཇུས་ལ་སྐྱོན་འཛུགས་ཀྱི་གསར་འགྱུར་སྤེལ་མི་ཆོག གསར་འགྱུར་ལས་ཁུངས་ཁག་ལ་རྟག་ཏུ་རྟོག་ཞིབ་བྱ་དགོས་པ་དང་ཁྲིམས་འགལ་གྱི་ལས་སུ་ཞུགས་ནས་གསར་འགྱུར་ལོག་པ་སྤེལ། སྲིད་གཞུང་གི་ཆོག་མཆན་མེད་པར་བཙུགས་པའི་གསར་ཁང་རྣམས་སྒོ་རྒྱག་དགོས། ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་ཁྲིམས་འགལ་ཐོག་ཏུ་རྒྱ་ནག་སྐམ་ས་ཆེན་མོའི་ལས་འགུལ་ཁག་ལ་འབྲེལ་བ་བྱས་ནས་གནས་ཚུལ་སྤེལ་ན་ཁྲིམས་གཅོད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག

XS
SM
MD
LG