ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་མང་ཚོགས་ལ་ཚེ་དབང་སྩལ།


བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་མཐའ་རུ་རྟེན་གཞི་བྱས་བའི་སྐྱིད་གྲོང་བསམ་གཏན་གླིང་དགོན་པའི་ནང་།
བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་མཐའ་རུ་རྟེན་གཞི་བྱས་བའི་སྐྱིད་གྲོང་བསམ་གཏན་གླིང་དགོན་པའི་ནང་།

ཕྱི་ཚེས་༢༩་ཉིན་གྱི་ཞོགས་པར་འདི་ག་བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་མཐའ་རུ་རྟེན་གཞི་བྱས་བའི་སྐྱིད་གྲོང་བསམ་གཏན་གླིང་དགོན་པའི་ནང་དད་ལྡན་སྐྱ་སེར་མི་མང་སྟོང་ཕྲག་ཁ་ཤས་བརྒལ་བ་འཛོམས་སར་སྐྱབས་རྗེ་ཡོང་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རྒྱལ་བ་ཚེ་དཔག་མེད་ཀྱི་ཚེ་དབང་གནང་བའི་སྐབས་སུ་གསུང་དོན་སྦྱིར་ན་ཚེ་དབང་ཞུ་བའི་སྐབས་སུ་གང་ཟག་སྒེར་གྱི་རྒྱུ་ནོར་ལོངས་སྤྱོད་དང་གཏམ་སྙན་གྲགས་ཀྱི་ཆེད་དུ་དབང་ཞུས་བ་ཡིན་ན་ཕན་ཐོག་ཡོད་ཀྱི་མ་རེད་གཙོ་བོ་དེ་རང་རྒྱུད་ལ་བྱང་ཆུབ་ཀྱི་སེམས་དང་བྱམས་སྙིང་རྗེ་བསྐྱེད་ཡ་དེ་གལ་ཆེན་པོ་རེད་།དེ་ལྟར་མ་བྱུང་ནའང་ངེས་འབྱུང་གི་བསམ་པ་དང་ཡང་ན་སྐྱབས་འགྲོའི་བསམ་པ་ཡོད་པའི་སྒོ་ནས་གསན་དགོས་བ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་དང་།

བསམ་གཏན་གླིང་དགོན་དུ་གསུང་ཆོས་སྩལ་བར་མི་སྟོང་ཕྲག་མང་པོ་འདུ་འཛོམས།
བསམ་གཏན་གླིང་དགོན་དུ་གསུང་ཆོས་སྩལ་བར་མི་སྟོང་ཕྲག་མང་པོ་འདུ་འཛོམས།

གཞན་ཡང་ཁོང་གིས་གསུང་ནང་ང་ཚོ་འདིར་ཡོད་མཁན་ཚོའི་ངོས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོང་ཚུལ་བཞིན་དུ་སྒྲུབ་མ་ཐུབ་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་རེད། བོད་ནང་ཡོད་མཁན་གྱི་གཞི་ལུས་བོད་མི་ཚོའི་རང་གི་སྲོག་ལ་མ་འཛེམས་པར་༧རྒྱལ་བའི་གསུང་ལ་ལྟ་ཉན་དང་བཀའ་དགོང་སྒྲུབ་གི་ཡོད་པ་རེད།རྩ་བའི་ཆ་ནས་ང་ཚོ་བོད་མི་རིགས་ཟེར་བ་འདི་དང་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོད་དོ་ཅོག་ཚང་མ་བླ་མ་གཅིག་གི་སློབ་མ་དང་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ལྟར་ཕན་ཚུན་མཛའ་བརྩེ་མཐུན་སྒྲིལ་ལག་རྡང་གཅིག་ཏུ་སྒྲིལ་ནས་འཕགས་པ་སྤྱན་རེས་གཟིགས་ཀྱི་གདུལ་ཞིང་དུ་སྐྱེས་ཡོད་པའི་འདུ་ཤེས་གཅིག་གི་ཐོག་ནས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས།ང་ཚོ་ཚང་མ་དམིག་ཡུལ་གཅིག་དང་སྒྲུབ་བྱ་གཅིག།ཐབས་ལམ་གཅིག་རེད།ལྟ་བ་དང་ལངས་ཕྱོགས་ཁ་ཁ་གང་ཡང་ཡོད་པ་མ་རེད།ང་ཚོ་ཚང་མ་སངས་རྒྱས་ཆོས་ཀྱི་རྗེས་འཇུག་གཅིག་རེད།འཚེ་མེད་ཞི་བའི་ལྟ་བ་ངོས་ལེན་མཁན་གཅིག་རེད།དྲང་བདེན་དང་འཚེ་བ་མེད་པའི་ལྟ་བ་ལ་ཡིད་ཆེས་ཡོད་པ་གཅིག་རེད།མི་རིགས་གཅིག་དང་རིག་གཞུང་གཅིག་རེད།དེར་བརྟེན་ཚང་མའི་༧རྒྱལ་བའི་བཀའ་བཞིན་དུ་སྒྲུབ་པ་ཡིན་ན་གཞི་ལུས་བོད་མིའི་ཚོར་སེམས་ཤུགས་འཕེར་ཡ་ཡོད་པ་དང་བོད་སྤྱི་བའི་རྩ་དོན་ལ་ཡང་དེ་ཡིས་ཕན་ཐོག་གི་རེད།དེ་བས་ཚང་མའི་ཐུགས་ཁུར་ཆེ་བཞེས་ཀྱི་སྒོ་ནས་༧རྒྱལ་བའི་བཀའ་དགོང་ལྟར་སྒྲུབ་དགོས་སྐོར་སོགས་གསུང་སོང་།

དེ་དང་ཆབ་ཅིག་བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པའི་ཚོགས་གཙོ་ཨྱར་བསྟན་འཛིན་ལགས་ཀྱི་གསུང་དོན་གཙོ་བོ་ཚོགས་པའི་ངོས་ནས་ཅི་ལྟར་གསོལ་བ་བཏབ་པ་བཞིན་སྐྱབས་རྗེ་ཡོང་འཛིན་གླིང་རིན་པོ་ཆེ་མཆོག་གིས་ཞལ་སྔ་ནས་འདས་བའི་ཉིན་གཉིས་རིང་གསུང་ཆོས་དང་དེ་རིང་ཚེ་དབང་བཅས་ཐོབ་པ་ནི་སྐལ་བ་བཟང་སོང་།གཞན་ཡང་སྨོན་ལམ་སྔ་བཞུགས་དུ་ཚོགས་པའི་ངོས་ནས་སྤྲང་བོ་ལ་སྦྱིན་གཏོང་དང་མཆོད་རྟེན་རྣམ་གསུམ་ནས་སྟོང་མཆོད་ཕུལ་ཡ།ཁོར་ཡུག་གཙང་བཟོ་ལ་སོགས་པའི་སྒོ་ནས་སྤྱི་ཚོགས་ཞབས་ཞུ་གང་ཐུབ་སྒྲུབ་ཡོད་སྐོར་སོགས་གསུང་སོང་།དེ་ལྟར་ན་ཉིན་ཤས་གོང་བཅོ་ལྔ་མཆོད་པའི་སྐབས་དང་དེ་རིང་ཚེ་དབང་སྐབས་བཅས་སུ་དམིག་གསལ་བལ་ཡུལ་ཀོ་པན་ལྷག་བསམ་ཚོགས་པའི་ངོས་ནས་དང་བླངས་ཀྱི་སྒོ་ནས་སྐྱེས་ཕོ་མོ་གྲངས་ཉི་ཤུ་ལྷག་གིས་དད་ལྡན་མཆོད་མཇལ་བ་གསོལ་ཇ་འདྲེན་རོགས་དང་།ལོ་ལོན་རྒན་རྒོན་རྣམ་ཡར་མར་འཕེབས་བསྐྱེལ་སོགས་ལ་རོགས་རམ་གནང་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG