ངོ་འཕྲད་བདེ་བའི་དྲ་འབྲེལ།

༢༠༡༩་ལོའི་འཛམ་གླིང་གི་སྐྱབས་བཅོལ་བ་དང་དེའི་གནས་སྟངས།


ད་ལྟ་འདའ་ལ་ཉེ་བའི་ལོ་འདིར་འཛམ་གླིང་རྒྱལ་ཁབ་ཁག་གིས་རང་གི་ས་ཐོག་ཏུ་འབྱོར་བའི་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པ་སྟེ། ཏུར་ཀིའི་གཞུང་གིས་སི་རི་ཡའི་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཟེར། བྷང་ག་ལའི་གཞུང་གིས་འབར་མ་ནས་བྲོས་བྱོལ་དུ་ཡོང་བའི་ཁ་ཆེ་རོ་ཧིན་རྒྱ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཟེར་པ་དང་པ་ཀི་སི་ཐན་གཞུང་གིས་ཨབ་གྷ་ཎི་སི་ཐན་གྱི་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཡོད་ཅིང་། ཡུ་རོབ་རྒྱལ་ཁབ་ཁག་གིས་དཀྱིལ་ཤར་ས་ཁུལ་དང་ལྷོ་ཨེ་ཤི་ཡ། ཨ་ཧྥི་རི་ཀ་སོགས་ནས་འབྱོར་བའི་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་འདུག ཡིན་ནའང་ཉམས་ཞིབ་པ་ཚོས་བརྟག་དཔྱད་བྱས་པ་ལྟར་ན་སྐྱབས་བཅོལ་བ་དེ་རྣམས་ཐོག་མར་བྲོལ་བྱོལ་དུ་ཡོང་སའི་རྒྱལ་ཁབ་དེ་དག་གི་ནང་འཁྲུག་སོགས་ཞི་འཇགས་སོང་སྟེ་གང་ཅིའི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཐེབས་མེད་པར་མི་རིགས་དང་ཆོས་ལུགས་གྲུབ་མཐའ་སོགས་ཀྱི་འཐེན་འཁྱེར་ཐོག་ཏུ་གཉའ་གནོན་དང་རྒོལ་རྡུང་འཕོག་གི་ཡོད་པ་སྡུག་ཏུ་ཕྱིན་ཡོད་ཀྱང་མཚམས་ཆད་མེད་པའི་སྡོམ་ཚིག་བརྒྱབ་འདུག

༢༠༡༩་ལོ་འདིར་ཏུར་ཀི་རྒྱལ་ཁབ་ཀྱི་ས་ཐོག་ཏུ་སི་རི་ཡའི་སྐྱབས་བཅོལ་བ་ས་ཡ་༣་དང་འབུམ་༧་ཡོད་པས་ཏུར་ཀིའི་གཞུང་གིས་སྐྱབས་བཅོལ་བ་དེ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཟེར་གྱི་ཡོད་མོད། ད་དུང་ཡང་སི་རི་ཡའི་ས་གནས་ཁག་ཏུ་ཉིན་ལྟར་འབར་མདེལ་དང་མེ་སྒྱོགས་སོགས་ཀྱིས་གཏོར་རྒོལ་བྱས་ནས་ནང་འཁྲུག་ལངས་ཡོད་པ་མཚམས་ཆད་ཀྱི་མེད་པས་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་རྒྱུའི་ཚབ་ཏུ་སི་རི་ཡ་ནས་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་ཐར་ཐབས་བྱེད་ཀྱི་ཡོད་ཅིང་། ད་ལོའི་ཕྱི་ཟླ་༧་པར་འབར་མའི་གཞུང་འབྲེལ་མི་སྣ་ཁག་བྷང་ག་ལའི་སྐྱབས་བཅོལ་བའི་སྡོད་སྒར་ཁག་ལ་གཟིགས་ཞིབ་ཏུ་བསྐྱོད་ནས་ར་ཁེན་མངའ་སྡེ་ནས་བྲོས་བྱོལ་དུ་སོང་བའི་རོ་ཧིན་རྒྱ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཞེས་འབོད་འགུགས་བྱས་ཀྱང་ས་གནས་དེའི་ནང་པ་གྲངས་མང་གིས་ཁ་ཆེ་གྲངས་ཉུང་མི་རིགས་ལ་གཏོར་རྒོལ་བྱ་རྒྱུ་མཚམས་ཆད་ཀྱི་མེད་པ་རེད། པ་ཀི་སི་ཐན་གྱི་ས་ཐོག་ཏུ་ཨབ་གྷ་ཎི་སི་ཐན་གྱི་སྐྱབས་བཅོལ་བ་ས་ཡ་༡་དང་འབུམ་༤་ཡོད་པ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཟེར་གྱི་ཡོད་རུང་། ཨབ་གྷ་ཎི་སི་ཐན་གྱི་སྐྱབས་བཅོལ་བ་རྣམས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ནས་མི་རབས་བརྗེ་བཞིན་ཡོད་པས་སྐྱེ་བོ་དེ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་ཀྱི་མེད་པར་མ་ཟད། ཡུ་རོབ་རྒྱལ་ཁབ་ལ་བྲོས་བྱོལ་དུ་སོང་བའི་ཨབ་གྷ་ཎི་སི་ཐན་གྱི་སྐྱབས་བཅོལ་བ་རྣམས་ཀྱང་གནས་ཚང་རྒྱལ་ཁབ་དེ་ཚོར་འདུག་ཐབས་བྱེད་ཀྱི་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་བྱས་པ་ལྟར་ན་༢༠༡༩་ལོའི་མགོ་སྟོད་ཟླ་བ་དགུའི་རིང་ལ་ཨབ་གྷ་ཎི་སི་ཐན་ལ་ཟིང་འཁྲུག་ལངས་ནས་མི་༢༥༦༣་ལ་སྲོག་སྐྱོན་དང་མི་༥༦༧༦་ལ་རྨས་སྐྱོན་བྱུང་འདུག

ཨ་ཧྥི་རི་ཀའི་བྱང་ཕྱོགས་རྒྱལ་ཁབ་ལི་བྷི་ཡའི་གནས་སྟངས་ནི་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཡོད་པ་སྟེ། ལི་བྷི་ཡ་ནས་བྲོས་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བ་ཚོས་རྒྱལ་ཁབ་དེའི་ནང་འཁྲུག་དང་ཇག་ཚོགས། བཀག་ཉར་ཁང་དེ་དག་གི་ནང་དུ་མནར་གཅོད་དང་བཙན་གཡེམ། མི་གསོད་པ་དང་བཀྲེས་ལྟོགས་ཀྱིས་ཤི་བ། ས་གནས་གཞན་ལ་གནས་སྤོར་བྱེད་དུ་མི་འཇུག་པ་སོགས་ཀྱི་དགའ་སྡུག་གིས་མི་རྣམས་འཚོ་གནས་དཀའ་བའི་གནས་སུ་ལྷུང་འདུག ལི་བྷི་ཡ་ནས་བྲོས་བྱོལ་དུ་ཐར་ཀྱང་ཨི་ཊི་ལིའི་མཚོ་ཁ་ནས་ཡུ་རོབ་མཉམ་འབྲེལ་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་རང་ཡུལ་ལ་ཕྱིར་སློག་བྱེད་ཀྱི་འདུག་ཅེས་གནས་ཚུལ་ཐོན། ༢༠༡༩་གཅིག་པུར་ལི་བྷི་ཡའི་སྐྱབས་བཅོལ་བ་༡༢༤༦་མཚོ་ནང་དུ་འཐིམས་ནས་སྲོག་སྐྱོན་ཕོག འདི་ནི་ལོ་༥་བསྟུད་མར་ཉུང་མཐར་ཡང་ལོ་རེར་ལི་བྷི་ཡའི་སྐྱབས་བཅོལ་བ་༡༠༠༠་རེ་དཀྱིལ་ཐིག་རྒྱ་མཚོ་བརྒལ་ནས་ཡུ་རོབ་ལ་བྲོས་བྱོལ་དུ་ཕྱིན་པའི་ལམ་དུ་མཚོ་ནང་ལ་འཐིམས་ནས་སྲོག་སྐྱོན་ཕོག་འདུག ཐེངས་གཅིག་ལ་ལི་བྷི་ཡའི་སྐྱབས་བཅོལ་བ་༡༥༠་ཐམ་པ་མཚོ་ནང་དུ་འཐིམས་ནས་ཤི་ཡོད་པ་རྩད་གཅོད་ཐུབ་པ་ནི་ལོ་འདིར་ལི་བྷི་ཡའི་སྐྱབས་བཅོལ་བ་ཚོར་ཆག་སྒོ་བྱུང་བ་ཚབས་ཆེ་ཤོས་སུ་བརྩི་འཇོག་བྱེད་ཅེས་རྒྱལ་ཚོགས་ཀྱི་ལས་སྣེ་ཚོས་བཤད། ཡིན་ནའང་ཌན་མག་སོགས་ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་ལི་བྷི་ཡ་དང་སི་རི་ཡའི་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་སློག་བྱ་རྒྱུའི་སྡིགས་ར་བསྐུལ། ཐ་ན་ཌན་མག་གཞུང་གིས་སི་རི་ཡའི་བུད་མེད་གསུམ་ལ་རང་ཡུལ་དུ་ཉེན་ཀ་མི་འདུག་ཅེས་སྐྱབས་བཅོལ་བའི་ཐོབ་ཐང་སྤྲད་མེད་པ་རེད།

འཛམ་གླིང་གི་སྐྱབས་བཅོལ་བར་དཀའ་ངལ་འཕྲད་ས་དང་སྲོག་སྐྱོན་འབྱུང་ས་ནི་དཀྱིལ་ཤར་ས་ཁུལ་དང་ཨ་ཧྥི་རི་ཀའི་བྱང་ཕྱོགས། དཀྱིལ་ཐིག་རྒྱ་མཚོ་བཅས་ས་གནས་ཁག་ཅིག་མིན་པར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལའང་ཞི་བདེ་བརྟན་ལྷིང་མེད་ཅིང་། དཔེར་ན་ཝྭེ་ན་ཛུ་ལའི་མི་མང་སྟོང་ཕྲག་མང་པོ་མཚོ་ཐོག་ཏུ་ཨ་མི་རི་ཀར་སྐྱབས་བཅོལ་ལ་ཡོང་བའི་ལམ་དུ་སྐྱེས་པ་དང་བུད་མེད། ཕྲུ་གུ་བཅས་མི་༦༥༩་ལ་སྲོག་སྐྱོན་ཕོག འདི་ནི་ལོ་འདིར་དཀྱིལ་ཐིག་རྒྱ་མཚོའི་ནང་དུ་སྐྱབས་བཅོལ་བ་༥༨༣་ལ་སྲོག་སྐྱོན་བྱུང་བ་ལས་ཀྱང་མང་བ་ཡིན། ཨ་མི་རི་ཀའི་ས་མཚམས་ཁག་ཏུ་སྔོན་ཆད་བྱུང་མྱོང་མེད་པའི་སྐྱབས་བཅོལ་བ་འབྱོར་རྒྱུ་ཇེ་མང་དུ་ཕྱིན་འདུག སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་སྐྱབས་བཅོལ་བ་རྣམས་མེཀ་སི་ཀོར་ཕྱིར་སློག་བྱས་པ་དང་ཕ་མ་དང་བུ་ཕྲུག་གི་འབྲེལ་བའི་ཐོག་ནས་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་ཡོང་གི་ཡོད་པ་རྣམས་ཀྱི་རྒྱུད་རྒྱུ་ལ་བརྟག་དཔྱད། ཨ་མི་རི་ཀའི་ཕྱི་མི་གཞིས་ཆགས་ཀྱི་ཁྲིམས་དམ་དུ་བཏང་ནས་སྐྱབས་བཅོལ་བ་རྣམས་ཨ་མི་རི་ཀར་གཏན་སྡོད་བྱེད་ཆོག་པའི་ཐོབ་ཐང་སྤྲད་རྒྱུ་དཀའ་ངལ་ཆེ་རུ་བཏང་འདུག ཧུན་རྡུ་ར་སི་དང་ཨལ་སལ་ཝྭ་དྷོར་གྱི་སྐྱབས་བཅོལ་བ་རྣམས་གུ་ཊ་མའི་ས་ཐོག་ཏུ་བཏང་ནས་སྒུག་དགོས་པའི་སྒྱུར་བཅོས་བཏང་ཞིང་། ༢༠༢༠་ལོར་ཨ་མི་རི་ཀ་དང་ཡུ་རོབ་སོགས་ལ་འཛམ་གླིང་གི་ཡུལ་གྲུ་ཁག་ནས་སྐྱབས་བཅོལ་བ་འབྱོར་རྒྱུ་ཉུང་དུ་འགྲོ་མི་སྲིད་ཀྱང་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་སྔར་ལས་ཤུགས་ཆེ་རུ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་སྐྱབས་བཅོལ་བའི་ཐོབ་ཐང་གི་འགན་འཛིན་བྷིལ་ཧྥུ་རེ་ལིཀ་ཞེས་པ་ཞིག་གིས་བཤད་པ་ལྟར་ན། ད་ལོའི་དབྱར་དུས་སུ་ལེ་བྷ་ནན་གྱི་དམག་གི་སྐུལ་ལྕག་འོག་ཏུ་རྒྱལ་ཁབ་དེའི་ཨར་སལ་ས་གནས་སུ་གཞིས་ཆགས་ཡོད་པའི་སི་རི་ཡའི་སྐྱབས་བཅོལ་བའི་སྡོད་སྒར་རྣམས་གཏོར་བཤིག་བཏང་ནས་གཏན་དུ་གཞིས་ཚུགས་མི་ཐུབ་པ་ཞིག་ཏུ་བསྒྱུར་འདུག དགུན་གྱི་གྲང་ངར་ཁྲོད་དུ་ཏུར་ཀིའི་གཞུང་གིས་སི་རི་ཡའི་སྐྱབས་བཅོལ་བ་མང་པོ་ཞིག་ཁྲིམས་འགལ་གྱིས་རང་ཡུལ་ལ་ཕྱིར་སློག་བྱས་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་གིས་ཏུར་ཀིའི་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་མི་ཕོད། བྷང་ག་ལར་བྲོས་བྱོལ་དུ་སོང་བའི་འབར་མའི་སྐྱབས་བཅོལ་བ་རྣམས་ཀྱང་རང་ཡུལ་དུ་ཕྱིར་ལོག་བྱེད་མ་ཐུབ་པར་ལོ་གཉིས་པ་དེ་འགྲོ་བཞིན་ཡོད་ཅིང་། འབར་མའི་གཞུང་གིས་རོ་ཧིན་རྒྱ་ཁ་ཆེ་ཚོ་རང་ཡུལ་ལ་ཕྱིར་ལོག་བྱེད་ཆོག་ཟེར་གྱི་ཡོད་ཀྱང་འབར་མའི་དམག་གིས་ཁ་ཆེ་གྲངས་ཉུང་མི་རིགས་ལ་སྡང་ཟུག་བྱ་རྒྱུ་མཚམས་ཆད་སྲིད་པའི་རྟགས་མཚན་བྲལ། དེ་བཞིན་ཐན་ཟ་ཎི་ཡར་གཞིས་ཚུགས་པའི་བྷུ་རུ་ཌིའི་སྐྱབས་བཅོལ་བ་དང་པ་ཀི་སི་ཐན་ན་ཡོད་པའི་ཨབ་གྷ་ཎི་སི་ཐན་གྱི་སྐྱབས་བཅོལ་བ། ཁེ་ཎི་ཡར་ཡོད་པའི་སོ་མ་ལི་ཡའི་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་འདུག འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་དཀྱིལ་ཤར་ས་ཁུལ་དང་ཨ་ཧྥི་རི་ཀའི་བྱང་ཕྱོགས་ཀྱི་སྐྱབས་བཅོལ་བ་རྣམས་ཏུར་ཀིའི་ས་ཐོག་ཏུ་འཇོག་ཐབས་བྱེད་བཞིན་པ་དང་། ཨ་མི་རི་ཀས་རང་གི་ས་མཚམས་ཁག་ལ་འབྱོར་བའི་སྐྱབས་བཅོལ་བ་རྣམས་མེཀ་སི་ཀོ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་རྫོང་ཐབས། ཨི་ཊི་ལིའི་གཞུང་གིས་རང་གི་མཚོ་ཁར་འབྱོར་བའི་སྐྱབས་བཅོལ་བ་རྣམས་འཛིན་བཟུང་བྱས་ནས་ལི་བྷི་ཡའི་གཞུང་ལ་རྩིས་སྤྲོད་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར། ད་ལྟ་རྒྱལ་སྤྱིའི་ཐོག་ཏུ་སྐྱབས་བཅོལ་བའི་ཐོབ་ཐང་ལ་སྲུང་སྐྱོབ་དང་སྐྱབས་བཅོལ་བ་ཚོར་རོགས་རམ་སྤྲོད་མཁན་ཇེ་ཉུང་དུ་ཕྱིན་འདུག

རྒྱལ་སྤྱིའི་ས་མཚམས་མེད་པའི་སྨན་པའི་མཐུན་ཚོགས་ཀྱིས་སྙན་ཐོ་བཏོན་པ་ལྟར་ན། འཛམ་གླིང་རྒྱལ་ཁབ་ཁག་གིས་སྐྱབས་བཅོལ་བ་བཀག་འགོག་གི་བཅའ་ཁྲིམས་གཏན་འབེབས་བྱེད་ཀྱི་ཡོད་པ་ནི་སྐྱི་གཡའ་བ་ཞིག་རེད། ཡུ་རོབ་རྒྱལ་ཁབ་ཁག་གིས་དཀྱིལ་ཐིག་རྒྱ་མཚོའི་ནང་དུ་སྐྱབས་བཅོལ་བ་ཉེན་སྐྱོབ་དང་འཚོལ་ཞིབ་ཀྱི་ལས་དོན་བསྒྲུབ་རྒྱུ་ཁྲིམས་འགལ་དུ་བསྒྱུར་ཀྱང་ཕྲུ་གུ་དང་བུད་མེད། སྐྱེས་པ་རྣམས་འགྲོ་བ་མིའི་ཚེ་སྲོག་ལ་ཉེན་ཀ་ཆེ་བའི་རྒྱལ་ཁབ་དེ་ཚོར་ཕྱིར་སློག་བྱ་རྒྱུ་ཁྲིམས་མཐུན་དུ་རྩི་བཞིན་འདུག གྷེ་རི་སིའི་གླིང་ཕྲན་ཞིག་ཏུ་མི་གཅིག་ཤོང་སར་སྐྱབས་བཅོལ་བ་༥་བཞག་ནས་མི་སྟོང་ཕྲག་མང་པོ་སྡེབ་ཏུ་བཀག་ཀྱང་ཡུ་རོབ་རྒྱལ་ཁབ་ཁག་གིས་སྐྱབས་བཅོལ་བ་དེ་རྣམས་ལེན་གྱི་མི་འདུག ཡུ་རོབ་རྒྱལ་ཁབ་ཁག་གི་མཐའ་མཚམས་ཁག་ཏུ་སྐྱབས་བཅོལ་བའི་ཚེ་སྲོག་ཤོར་པ་དང་སྐྱབས་བཅོལ་བ་ཚོས་སྡུག་བསྔལ་ཆེན་པོ་མྱོང་གི་ཡོད་པ་ནི་ཡུ་རོབ་རྒྱལ་ཁབ་ཁག་གི་ཞབས་འདྲེན་རེད་ཅེས་བཀོད། ༢༠༡༩་ལོ་འདིར་འཛམ་གླིང་ཁྱོན་ཡོངས་སུ་ཆགས་ས་བརྟེན་ས་མེད་པའི་མི་གྲངས་བྱེ་བ་༧་ཡོད་པ་དེ་དག་གི་གྲས་སུ་སྐྱབས་བཅོལ་བ་ས་ཡ་༢༥་ཡོད་ཅིང་། སྐྱབས་བཅོལ་བ་དེ་དག་གི་བརྒྱ་ཆ་༨༥་ལྷག་དབུལ་ཕོངས་དང་འབྱོར་འབྲིང་རྒྱལ་ཁབ་ཁག་ཏུ་གཞིས་ཚུགས་ཡོད་པས་རྒྱལ་ཁབ་དེ་ཚོས་རང་ཁ་གསོ་ཐུབ་ཀྱི་མེད་པ་དེའི་ཐོག་ཏུ་སྐྱབས་བཅོལ་བ་ཚོར་ལྟ་རྟོག་བྱ་རྒྱུ་དེ་བས་ཀྱང་ཁག་པོ་ཆགས་ཡོད་པ་རེད།།

XS
SM
MD
LG