ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ཉེན་ཁའི་རྐྱེན་པས་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་འགྲོ་བཞིན་པ།


APTOPIX Biden US South Korea
APTOPIX Biden US South Korea

ལྷོ་ཀོ་རི་ཡའི་སྲིད་འཛིན་ཡུན་སུའུ་ཁོའུ་མཆོག་སྤྱི་ཟླ་༤ པའི་ཚེས་༢༦ ཉིན་ཕོ་བྲང་དཀར་པོར་ཕེབས་ནས་ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་དང་མཇལ་མོལ་གནང་ཡོད་པ་དང་། མཇལ་མོལ་དེ་ནི་ཨ་རི་དང་ལྷོ་ཀོ་རི་ཡའི་བར་ཕྱི་འབྲེལ་བཙུགས་ནས་མི་ལོ་༧༠ འཁོར་བའི་དུས་དྲན་ལ་འཁེལ་ཡོད་ཅིང་། རྒྱ་ནག་དང་བྱང་ཀོ་རི་ཡའི་ཉེན་ཁ་ལ་གདོང་ལེན་བྱ་རྒྱུ་དང་། དེ་བཞིན་རྒྱལ་ཁབ་ཕྱོགས་གཉིས་བར་དཔལ་འབྱོར་གྱི་མཉམ་ལས་རྒྱ་བསྐྱེད་གཏང་རྒྱུ་ནི་བརྗོད་གཞི་གཙོ་བོ་ཆགས་འདུག།

ལྷོ་ཀོ་རི་ཡའི་སྲིད་འཛིན་ཡུན་སུའུ་ཁོའུ་མཆོག་ནི་བྷ་ཌན་མཆོག་ཨ་རིའི་སྲིད་འཛིན་གྱི་གོ་གནས་བཞེས་ནས་ད་བར་ཕོ་བྲང་དཀར་པོའི་ནང་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་ཅིག་དང་མཇལ་མོལ་གནང་བ་ཐེངས་གཉིས་པ་དེ་ཡིན་ཞིང་། དེ་སྔར་བྷ་ཌན་མཆོག་གིས་ཧྥ་རན་སིའི་སྲིད་འཛིན་མཱ་ཁེ་རུང་ལ་ཕོ་བྲང་དཀར་པོ་ནས་མཇལ་མོལ་གནང་ཡོད་པ་རེད། ལྷོ་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལན་མཇལ་མོལ་སྐབས་སུ་གཙོ་བོ་བྱང་ཀོ་རི་ཡའི་སྡིགས་སྐུལ་ལ་ཁ་གཏད་གཅག་ཕྱོགས་དང་། དཔལ་འབྱོར་མཉམ་ལས་ཀྱི་བརྗོད་གཞི་ཐོག་ནས་གྲོས་མོལ་གནང་རྒྱུ་ཡིན་ཞིང་། ལྷོ་ཀོ་རི་ཡའི་སྲིད་འཛིན་མཆོག་གིས་ཚེས་༢༧ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཆའི་འཐུས་མི་ཚོ་ལྷན་འཛོམས་ས་ནས་གཏམ་བཤད་གནང་རྒྱུ་རེད་འདུག།

སྤྱི་ལོ་༡༩༥༣ ལོའི་ཟླ་བ་༡༠ པར། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ནས་ཐུན་མོང་འགོག་སྲུང་གི་ཆིངས་ཡིག་བཞག་སྟེ་དམག་དོན་གྱི་མནའ་འབྲེལ་བཙུགས་ཡོད་པ་དང་། མི་ལོ་༧༠ རྗེས་ལ་མནའ་འབྲེལ་དེས་བྱང་ཀོ་རི་ཡའི་སྡིགས་ར་ལ་གདོང་ལེན་བྱ་དགོས་པར་མ་ཟད། ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་ཁུལ་ནང་རྒྱ་ནག་གི་ཤུགས་རྐྱེན་རྒྱ་བསྐྱེད་གཏོང་བཞིན་པའི་གནད་དོན་དང་། དེ་བཞིན་ཨུ་རུ་སུས་ཡུག་ཁེ་རན་ལ་བཙན་འཛུལ་བྱེད་བཞིན་པའི་གནད་དོན་བཅས་ལ་གདོང་ལེན་བྱ་དགོས་ཁེལ་གྱི་ཡོད་པ་རེད།

ཝ་ཤིན་ཊོན་ལ་རྟེན་གཞི་བྱས་ཡོད་པའི་ཐབས་ཇུས་དང་རྒྱལ་སྤྱིའི་ཉམས་ཞིབ་ཁང་གི་ལྷོ་བྱང་ཀོ་རི་ཡའི་ལས་གཞིའི་འགན་འཛིན་གཞོན་པ་ཨེལ་ལེན་ཁིམ་ལགས་ནས་བརྗོད་དོན་ལ། ད་ལོ་ནི་ཨ་རི་དང་ལྷོ་ཀོ་རི་ཡ་རྒྱལ་ཁབ་གཉིས་མནའ་འབྲེལ་བཙུགས་ནས་ལོ་ངོ་༧༠ འཁོར་བའི་དུས་ཚོད་དམིགས་གསལ་ཅན་ཞིག་ཡིན་སྟབས། ད་ལན་སྲིད་འཛིན་བྷ་ཌན་མཆོག་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡུན་སུའུ་ཁོའུ་མཆོག་གཉིས་ནས་གཙོ་བོ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་སྐོར་དང་། བྱང་ཀོ་རི་ཡའི་གནད་དོན། དཔལ་འབྱོར་དང་དྲ་རྒྱའི་བདེ་འཇགས་སོགས་ཀྱི་གནད་དོན་ཐོག་ལ་གྲོས་མོལ་གནང་རྒྱུ་རེད་འདུག།

ལྷོ་ཀོ་རི་ཡའི་སྲིད་འཛིན་ཡུན་སུའུ་ཁོའུ་མཆོག་ཨ་རི་ལ་མ་ཕེབས་གོང་སྟེ་ཚེས་༡༩ ཉིན་རེ་ཊྲེ་སིའི་གསར་ཁང་གི་བཅར་འདྲི་དང་ལེན་གནང་སྐབས། ཐེ་ཝན་གནད་དོན་ནི་རྒྱ་ནག་དང་ཐེ་ཝན་བར་གྱི་གནད་དོན་ཁོ་ན་ཞིག་མ་ཡིན་པར། དེ་ནི་ལྷོ་བྱང་ཀོ་རི་ཡའི་གནད་དོན་ནང་བཞིན་ས་ཁུལ་ལས་བརྒལ་བའི་འཛམ་གླིང་རང་བཞིན་གྱི་གནད་དོན་ཆེན་པོ་ཞིག་རེད། ཐེ་ཝན་གྱི་གནད་དོན་ཛ་དྲག་ཆགས་བཞིན་པའི་རྐྱེན་རྩ་གཙོ་བོ་དེ་དྲག་པོ་ལ་བརྟེན་ནས་ད་ཡོད་ཀྱི་གནས་སྟངས་ལ་འགྱུར་ལྡོག་གཏང་འདོད་ཡོད་པའི་ཧམ་སེམས་ལ་ཐུག་ཡོད་པ་རེད་ཅེས་གསུངས་ཡོད་ཅིང་། གཏམ་སྦྱོར་དེས་རྒྱ་ནག་ལ་ཁོང་ཁྲོ་ཆེན་པོ་ལངས་བཅུག་ཡོད་པར་མ་ཟད། རྒྱ་ནག་གིས་ལྷོ་ཀོ་རི་ཡའི་གཞུང་ཚབ་མི་སྣ་ལ་སྐད་བཏང་ནས་བརྡ་ལན་ནན་མོ་སྤྲད་ཡོད་པ་རེད། ལྷོ་ཀོ་རི་ཡས་རྒྱ་ནག་གི་བྱེད་སྟངས་དེ་ནི་ཕྱི་འབྲེལ་གྱི་འགྲོ་སྟངས་དང་རྒྱབ་འགལ་རེད་ཅེས་བརྗོད་འདུག།

ཨེལ་ལེན་ཁིམ་གྱིས་བརྗོད་དོན་ལ། ལྷོ་ཀོ་རི་ཡའི་སྲིད་འཛིན་ཡུན་སུའུ་ཁོའུ་མཆོག་གིས་ཐེ་ཝན་སྐོར་ལ་སྤེལ་བའི་གཏམ་བརྗོད་དེ་ནི་ན་ནིང་ལོའི་སྤྱི་ཟླ་༡༡ པའི་ནང་ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་རྒྱལ་ཁབ་གསུམ་པོས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ཀྱི་རྒྱུན་མཐུད་ཅིག་ཡིན་པ་དང་། སྐབས་དེར་རྒྱལ་ཁབ་གསུམ་པོས་རྒྱ་ནག་ཕྱོགས་གཅིག་ཅན་གྱིས་ཐེ་ཝན་གནད་དོན་ཐག་གཅོད་བྱ་རྒྱུར་ངོ་རྒོལ་ཡོད་པ་དང་། ཐེ་ཝན་མཚོ་ཁུག་གི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་དགོས་པ་སོགས་བསྐྱར་དུ་ནན་བརྗོད་བྱས་ཡོད་བ་རེད། ཐེ་ཝན་གྱི་གནད་དོན་དེ་པེ་ཅིང་ལ་ཚོར་བ་སྐྱེན་པོ་ཡིན་པ་དེ་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་མཁྱེན་གྱི་རེད་ལ། ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་ཨ་རི་དང་མནའ་འབྲེལ་འཛུགས་དགོས་ན། རྒྱ་ནག་ལ་ཁ་གཏད་མི་གཅག་ཁ་མེད་ཆགས་ཡོད་པ་དེ་ཡང་མཁྱེན་གྱི་རེད་ཅེས་བརྗོད་འདུག།

ཨ་རིའི་ཕྱི་འབྲེལ་ལྷན་ཚོགས་ཀྱི་ལྷོ་བྱང་ཀོ་རི་ཡའི་ལས་དོན་སྐོར་གྱི་ཉམས་ཞིབ་པ་དང་། ཨ་རི་དང་ལྷོ་ཀོ་རི་ཡའི་སྲིད་ཇུས་ལས་གཞིའི་ལྟ་སྐུལ་སྤྱི་ཁྱབ་སི་ཀོ་ཊི་སི་ནའེ་ཏེར་གྱིས་བརྗོད་དོན། ད་ལྟ་ལྷོ་ཀོ་རི་ཡས་རྒྱལ་སྤྱིའི་གནད་དོན་ཐོག་འཛིན་པའི་སྲིད་ཇུས་དེ་ཨ་རི་དང་ལངས་ཕྱོགས་གཅིག་མཐུན་ཆགས་ཡོད་པ་རེད། འདས་པའི་ལོ་གཅིག་གི་ནང་། ལྷོ་ཀོ་རི་ཡས་རྒྱ་ནག་སྐོར་ལ་བློ་འཚབ་སྐྱེས་པའི་ཚད་དེ་བྱང་ཀོ་རི་ཡ་དང་ཉི་ཧོང་སྐོར་ལ་བློ་འཚབ་བྱེད་པའི་ཚད་ལས་ཀྱང་བརྒལ་ཡོད་པ་དང་། དེ་ནི་ས་ཁམས་ཆབ་སྲིད་ཀྱི་རྒྱབ་ལྗོངས་འོག་ལྷོ་ཀོ་རི་ཡས་ཕྱི་སྲིད་ཐབས་ཇུས་ལ་འགྱུར་ལྡོག་བཏང་དགོས་བྱུང་བའི་རྒྱུ་རྐྱེན་རེད་ཅེས་བརྗོད་འདུག།

འདས་པའི་བདུན་ཕྲག་འགའ་ཤས་རིང་། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ནས་མཉམ་འབྲེལ་དམག་སྦྱོང་བྱས་ཏེ་བྱང་ཀོ་རི་ཡའི་སྡིགས་སྐུལ་ལ་འགོག་རྒོལ་བྱས་ཡོད་པ་ཅིང་། བྱང་ཀོ་རི་ཡའི་འགོ་ཁྲིད་ཁིམ་ཇཱོ་ཨེན་དང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞི་ཅིན་ཕིང་གཉིས་ནས་ཕན་ཚུན་གཅིག་གིས་གཅིག་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཇེ་གསལ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་ནི་བྱང་ཀོ་རི་ཡའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་མཐུན་གྲོགས་གཙོ་བོ་ཆགས་ཡོད་པ་རེད།

ལྷོ་ཀོ་རི་ཡའི་དཔལ་འབྱོར་དང་། ལྷག་པར་དུ་འཕྲུལ་རིག་ཐོན་རྫས་ཕྱིར་གཏོང་ཐད་ནས་རྒྱ་ནག་ལ་ཤུགས་ཆེན་པོ་བརྟེན་དགོས་པའི་རྐྱེན་གྱིས། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཨ་རི་དང་འབྲེལ་ལམ་དམ་ཏུ་གཏོང་ཞོར་རྒྱ་ནག་དང་འབྲེལ་ལམ་ཇེ་སྡུག་མི་འགྲོ་རྒྱུའི་འབད་བརྩོན་ཡང་བྱེད་བཞིན་རེད། ཨ་རྒྱ་གཉིས་ཀྱི་གློག་ལམ་ཉིང་འདུས་ཀྱི་འགྲན་རྩོད་ནང་ནས་ལྷོ་ཀོ་རི་ཡའི་གློག་འདྲེན་ཕྱེད་གཟུགས་ཀྱིས་གོ་གནས་གལ་ཆེ་བཟུང་ཡོད་ཅིང་། སྲིད་དོན་དབྱེ་ཞིབ་པ་ཚོས་ད་ལྟ་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་རྒྱ་ནག་གི་ཁྲོམ་ར་ལ་བརྟེན་རྒྱུ་ཉུང་དུ་གཏོང་ཐབས་ཀྱིས་རྒྱ་ནག་དང་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་པ་ཡིན་ན་ལྷོ་ཀོ་རི་ཡའི་དཔལ་འབྱོར་ལ་གནོད་སྐྱོན་ཨེ་ཉུང་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། ཨ་རིའི་ཁྲོམ་ར་དེ་རྒྱ་ནག་ནང་བཞིན་ཁེ་སྤོགས་ཆེན་པོ་མེད་ཀྱང་། ཡིད་རྟོན་རུང་བ་ཞིག་ཡིན་པ་དེས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་མཚོན་ན་དོན་སྙིང་ཆེན་པོ་རེད་ཅེས་བརྗོད་འདུག།

XS
SM
MD
LG