ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཨ་རིས་ཐེ་ཝན་ལ་དམག་དོན་གྱི་རོགས་དངུལ་ཨ་སྒོར་ཐེར་འབུམ་བཅུ་གནང་འཆར།


ཨ་མེ་རི་ཀའི་གྲོས་ཚོགས་གོང་མ་ནས། སྤྱི་ཟླ་༡༢ པའི་ཚེས་༡༥ རེས་གཟའ་ཕུར་བུའི་ཉིན་གྱི་དགོང་མོར། ནོར་སྲིད་ལོ་འཁོར་གྱི་རྒྱལ་སྲུང་འགྲོ་གྲོན་སྐོར་གྱི་ཁྲིམས་གཞི་གསར་པ་ཞིག་ལ་གྲོས་འཆམ་བྱུང་སྟེ། རིང་མིན་ཁྲིམས་གཞི་གསར་པ་དེ་བཞིན་ཕོ་བྲང་དཀར་པོར་ཕུལ་ཏེ། སྲིད་འཛིན་མཆོག་གིས་མཚན་རྟགས་བསྐྱོན་ཐོག་དངོས་སུ་ཁྲིམས་ལུགས་སུ་གཏན་འབེབས་གནང་རྒྱུ་རེད་འདུག།

གྲོས་ཚོགས་འཐུས་མི་ཚོས་གསུང་དོན་ལ། ཁྲིམས་གཞི་དེ་ལས་ཨ་མེ་རི་ཀའི་དམག་གི་སྟོབས་ཤུགས་སྔར་ལས་ལྷག་པ་ཡར་རྒྱས་གཏང་རྒྱུ་ཡིན་པ་མ་ཟད། ཐེ་ཝན་ལ་ལོ་ལྔའི་རིང་དམག་དོན་གྱི་རོཊ་སྐྱོར་ཨ་སྒོར་དུང་ཕྱུར་བརྒྱ་ཐམ་པ་སྤྲད་དེ་ཐེ་ཝན་གྱིས་རྒྱ་ནག་གི་ཉེན་ཁ་ལ་གདོང་ལེན་བྱེད་པའི་ནུས་ཤུགས་ཆེ་རུ་གཏང་རྒྱུའི་འཆར་གཞི་ཡོད་པ་རེད།

ཁྱོན་བསྡོམས་འབོར་ཨ་སྒོར་ཐེར་འབུམ་བཅུ་གནས་པའི་༢༠༢༣ ལོའི་ལོ་འཁོར་གཅིག་རིང་གི་རྒྱལ་སྲུང་དབང་སྐུར་གྱི་ཁྲིམས་གཞི་དེའི་གྲོས་དོན་གཅིག་གྱུར་གྱི་པར་གཞི་མཐའ་མ་དེར། རེས་གཟའ་ཕུར་བུའི་དགོང་མོར་འོས་ཤོག་༨༣ གྱིས་རྒྱབ་སྐྱོར་དང་། འོས་ཤོག་༡༡ གིས་རྒྱབ་སྐྱོར་མེད་པའི་ཐོག་ནས། ཚད་མཐོའི་མང་མོས་ཀྱི་གྲོས་འཆམ་བྱུང་སྟེ། ཁྲིམས་གཞི་དེས་དབང་སྐུར་བའི་སྒོར་མོའི་གྲངས་འབོར་དེ་ནི་སྲིད་འཛིན་བྷ་ཌན་མཆོག་གིས་ད་ལོའི་ལོ་མགོའི་སྔོན་རྩིས་འཆར་གཞི་ལས་ཨ་སྒོར་དུང་ཕྱུར་ཐེར་འབུམ་༤༥ ཡིས་མང་བ་ཡོད་པ་རེད།

ཁྲིམས་གཞི་དེ་བདུན་ཕྲག་གོང་མའི་ནང་གྲོས་ཚོགས་འོག་མའི་ནང་ནས་རྒྱབ་སྐྱོར་ཐོབ་ཟིན་ཅིང་། ད་ཆ་ཕོ་བྲང་དཀར་པོར་ཕུལ་ཏེ། སྲིད་འཛིན་སྲིད་འཛིན་བྷ་ཌན་མཆོག་གིས་མཚན་རྟགས་བསྐྱོན་རྒྱུར་སྒུག་བསྡད་ཡོད་པ་རེད།

ཁྲིམས་གཞི་དེ་བཞིན་ཟླ་བ་འགའི་རིང་ལ་སྲིད་དོན་ཚོགས་པ་གཉིས་དང་། གྲོས་ཚོགས་གོང་འོག་གཉིས་བཅས་གྲོས་བསྡུར་རིམ་པ་བརྒྱུད་ནས་གྲོས་འཆམ་བྱུང་རྗེས། གྲོས་ཚོགས་གོང་མའི་དམག་དོན་ལྷན་ཚོགས་ཀྱི་འགན་འཛིན་སེན་ཅཱ་ཁེ་རཱེ་ཌེ་Sen. Jack Reedལགས་ཀྱིས་གསུང་དོན་ལ། ཁྲིམས་གཞི་འདི་ནི་ད་ལོའི་ལོ་གཅིག་རིང་གི་ཐག་གཅོད་གལ་ཆེ་ཤོས་དེ་ཡིན། ངས་སྔོན་མ་ནས་བཤད་མྱོང་ཡོད། ཤོད་མཁན་དེ་ང་གཅིག་པོ་ཡང་མ་རེད། ད་ལྟའི་ཆར་འཛམ་གླིང་འདི་ང་སྐྱེས་པ་ནས་བཟུང་ད་བར་མཐོང་མྱོང་མེད་པའི་ཉེན་ཁ་ཆེན་པོ་ཞིག་གི་མཚམས་སུ་སླེབས་འདུག། ཅེས་རཱོ་ཌེ་ཨེ་ལན་Rhode Island ནས་ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་ཁོང་གིས་རྒྱལ་སྲུང་འགྲོ་སོང་སྐོར་ལ་དབང་སྐུར་བའི་ཁྲིམས་གཞི་དེའི་གལ་གནད་ཐད་ལ་ནན་བརྗོད་གནང་འདུག།

ཁྲིམས་གཞི་ལས་དོན་ཚན་མང་ཤོས་ནི། ཨ་མེ་རི་ཀའི་དམག་དཔུང་གིས་མཁའ་དབྱིངས་སུ་དམག་འཐབ་བྱེད་པའི་ནུས་སྟོབས་གོང་སྤེལ་གཏང་རྒྱུ་དང་། སྐམ་དམག་གི་འགོག་སྲུང་གི་ནུས་པ་ཡར་རྒྱས་གཏང་བ། དྲ་རྒྱའི་བརྒྱུད་ལམ་གྱི་བདེ་འཇགས་སྲུང་སྐྱོབ་ཐད་ནུས་ཤུགས་ཆེ་རུ་གཏང་རྒྱུ་བཅས་ཡིན་པ་རེད།

གཞན་ཡང་གོང་འཁོད་ཁྲིམས་གཞི་དེ་ལས་ཨ་སྒོར་དུང་ཕྱུར་༨ བཏོན་ནས་ཡུཀ་རེན་ལ་རོགས་སྐྱོར་གྱིས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་པ་དང་། དུང་ཕྱུར་༦༠ ཐམ་པ་དེ་༢༠༡༤ ལོར་ཨུ་རུ་སུས་ཁེ་རི་མེ་ཡ་བཙན་བཟུང་བྱེད་དུས་གསར་ཏུ་བཙུགས་པའི་ཐེབས་རྩ་ཡོ་རོབ་གཟི་བརྗིད་ཀྱི་གྲོས་གཞི་ཞེས་པར་སྤྲད་རྒྱུ་ཡིན་ཞིང་། ཨུ་རུ་སུས་སྔར་ལས་ལྷག་པའི་བཙན་འཛུལ་བྱ་བར་འགོག་སྲུང་ཆེད་དང་། ཡོ་རོབ་ཏུ་བཅའ་སྡོད་ཨ་རིའི་དམག་དཔུང་གི་བབ་བསྟུན་གྱི་བྱེད་ནུས་ཆེ་རུ་གཏོང་ཐབས་ཀྱི་གྲ་སྒྲིག་ཅིག་ཀྱང་ཡིན་པ་རེད།

ཧིན་རྡུ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཆེད་དུ་ཡང་ཐེར་འབུམ་བཅུ་གཅིག་དང་དུང་ཕྱུར་ལྔ་གཏང་རྒྱུ་ཡིན་ཞིང་། རེས་གཟའ་ཕུར་བུའི་ཞོགས་པར། གྲོས་ཚོགས་གོང་མའི་འཐུས་མི་སྤྱི་མཐུན་ཚོགས་པའི་མགོ་ཁྲིད་གཙོ་གྲས་སྐུ་ཞབས་མེ་ཆི་མཱ་ཁོན་ནེལ་Mitch McConnellལགས་གྱིས་གྲོས་ཚོགས་སུ་རྒྱ་ནག་གི་ཉེན་ཁའི་སྐོར་གསུང་སྐབས། རྒྱལ་སྲུང་དབང་སྐུར་ཁྲིམས་གཞི་དེ་བརྒྱུད་ནས། ཨ་མེ་རི་ཀ་དེ་བཞིན་ཧིན་རྡུ་ཞི་བདེ་རྒྱལ་མཚོའི་མངའ་ཁུལ་དུ་དམག་དོན་གྱི་སྟོབས་ཤུགས་མཚོན་རྒྱུའི་ནུས་པ་ཆེན་པོ་ཐོན་རྒྱུ་ཡིན་པ་རེད། ཅེས་གསུངས་འདུག།

ཡང་ཁོང་གིས་རྒྱ་ནག་གིས་ཧམ་སེམས་ཆེན་པོའི་སྒོ་ནས་ཨ་མེ་རི་ཀའི་ཁེ་ཕན་དང་། ཨེ་ཤེ་ཡ་ནས་དཀྱིལ་ཤར་ཁུལ་དང་། ཨ་ཧྥེ་རི་ཀའི་གླིང་ཆེན་ཐེ་བའི་ས་གནས་གང་སར་གནས་འཁོད་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཚོའི་ཁེ་ཕན་ལ་དོ་ཕོག་གཏོང་གིན་ཡོད་པ་རེད། ཁྲིམས་གཞི་འདིས་ང་ཚོ་སོ་སོའི་ནུས་སྟོབས་གོང་དུ་སྤེལ་རྒྱུ་ཡིན་པར་མ་ཟད། ཧིན་རྡུ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་ཀྱང་གལ་མཐོང་ཆེ་རུ་གཏང་གི་རེད། ཅེས་གསུངས་འདུག

རྒྱ་ནག་དམར་ཤོག་ལ་ཁ་གཏད་གཅག་ཕྱིར། ཨ་མེ་རི་ཀ་དང་སོ་སོའིམཐུན་གྲོགས་ཚོའི་དབར་ལ་འབྲེལ་ལམ་བརྟན་པོ་ཞིག་དང་ཟབ་མོ་ཞིག་འཛུགས་རྒྱུར་འབད་བརྩོན་བྱ་དགོས། དམག་དོན་རྟེན་གཞི་ནས་ཡར་མར་འགྲོ་བསྐྱོད་བྱ་རྒྱུ་དང་། མཉམ་དུ་དམག་སྦྱོང་བྱ་རྒྱུ་སོགས་གང་ཅིར་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད། ང་ཚོས་སོ་སོའི་རྒྱལ་སྲུང་གི་ལས་གྲྭའི་གཞི་རྟེན་བརྟན་པོ་ཞིག་ཚུགས་ཐུབ་པ་ཡིན་ན། ད་གཟོད་མཐུན་གྲོགས་རྒྱལ་ཁབ་ཚོར་གང་མཁོ་བའི་འགོག་སྲུང་གི་ནུས་པའི་སྐོར་ནས་རོགས་སྐྱོར་བྱ་ཐུབ་ཀྱི་རེད། དེ་ནི་དཔལ་འབྱོར་དང་བདེ་འཇགས་གཉིས་ཆ་ནས་དོན་གཉིས་འགྲུབ་ལྟ་བུ་ཞིག་རེད། ཅེས་ཀྱང་གསུངས་འདུག།

ལོ་གསར་པའི་ནང་གི་རྒྱལ་སྲུང་དབང་སྐུར་ཁྲིམས་གཞིའི་ཁོངས་སུ་ཚང་མས་དོ་སྣང་བྱེད་བཞིན་པའི་དོན་ཚན་གཞན་ཞིག་ནི། ཐེ་ཝན་ལ་དམག་དོན་གྱི་རོགས་སྐྱོར་བྱ་རྒྱུ་དེ་ཡིན་པ་རེད། རྒྱལ་སྲུང་དབང་སྐུར་གྱི་ཁྲིམས་གཞི་དེ་ལས། ཐེ་ཝན་སྲ་བརྟན་གྱི་ཁྲིམས་ལུགས་ཤུགས་ཆེ་རུ་བཏང་བ་ཞེས་པར་གྲོས་འཆམ་གྱིས་ཐོག་དང་པོར་ཐེ་ཝན་གྱི་དེང་རབས་ཅན་གྱི་རྒྱལ་སྲུང་གི་ནུས་པ་བྱེ་བྲག་པར་འཆར་འགོད་བྱས་ཏེ། ཨ་མེ་རི་ཀ་དང་ཐེ་ཝན་དབར་གྱི་འགོག་སྲུང་སྐོར་གྱི་མཐུན་གྲོགས་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་གཏང་རྒྱུ་རེད་འདུག

ཨ་མེ་རི་ཀས་སྤྱི་ལོ་༢༠༢༣ ལོ་ནས་༢༠༢༧ ལོའི་བར་ལོ་རེར་ཐེ་ཝན་ལ་ཨ་སྒོར་ཐེ་འབུམ་༢ རེ་སྤྲད་རྒྱུ་ཡིན་པ་དང་། ལོ་༥ ཡི་ནང་ཚུན་ལ་ཨ་སྒོར་ཐེར་འབུམ་བཅུ་ལ་བརྒལ་བའི་དམག་དོན་གྱི་རོགས་སྐྱོར་གནང་འཆར་ཡོད་པ་མ་ཟད། ཨ་རིའི་ཕྱི་རྒྱལ་ལ་དམག་དོན་རོགས་སྐྱོར་བྱེད་པའི་མ་རྩའི་ནང་ནས་ཐེ་ཝན་གྱིས་ཨ་སྒོར་ཐེར་འབུམ་༢ ལས་མི་མང་བའི་བུ་ལོན་གཡར་ཆོག་པ་དང་། ཨ་རིའི་རྒྱལ་སྲུང་ལས་ཁུངས་ནས་ཐེ་ཝན་ལ་ལོ་རེ་རེར་ཨ་སྒོར་ཐེར་འབུམ་༡ གནས་པའི་སྒྲིག་ཆས་དང་ཞབས་ཞུའི་མ་དངུལ་ཡང་མཁོ་སྤྲོད་བྱ་འཆར་འདུག

རྒྱ་ནག་གིས་ཐེ་ཝན་གྱི་མཚོ་འགག་ལ་རྫིག་རྔམ་དོད་པོས་དམག་དོན་གྱི་བྱ་འགུལ་སྤེལ་བ་ཉིན་རེ་བཞིན་ཇེ་མང་ནས་ཇེ་མང་ཡིན་པ་དང་། ས་ཁམས་ཆབ་སྲིད་ཀྱི་བདེ་འཇགས་ཀྱི་གནས་སྟངས་སྐོར་ལ་བློ་འཚབ་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་གྲོས་ཚོགས་གོང་འོག་གི་སྲིད་དོན་ཚོགས་པ་གཉིས་ཆ་ནས་མཐུན་རྐྱེན་སྣ་ཚོགས་མཁོ་སྤྲོད་ཀྱིས་ཐེ་ཝན་གྱི་རང་སྡེ་རང་སྲུང་གི་ནུས་པ་བསྐྱེད་བསྲིངས་བྱས་ཏེ། རྒྱ་ནག་གི་དམག་དོན་གྱི་ཉེན་ཁའི་སྦི་གྲགས་གང་སར་ཁྱབ་བཞིན་པར་ཁ་གཏད་གཅག་རྒྱུ་ཡིན་པ་རེད།

དེ་ལས་གཞན་ཁྲིམས་གཞི་དེའི་ནང་། ཐེ་ཝན་གྱིས་གོ་མཚོན་ཉོ་སྒྲུབ་བྱེད་པ་སྟབས་བདེ་རུ་ཕྱིན་ཡོད་པ་དང་། ཨ་མེ་རི་ཀའི་ངོས་ནས་དམག་སྦྱོང་གི་འཆར་གཞི་བཀོད་དེ། ཐེ་ཝན་གྱི་རང་སྡེ་རང་སྲུང་གི་ནུས་པ་མཐོར་འདེགས་བྱ་རྒྱུ་སོགས་ཀྱང་ཚུད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG