ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༨/༡༨

རྒྱ་ནག་དམར་ཤོག་གི་རིག་པའི་གཞུང་ལུགས་སྨྲ་བའི་སྨྱུག་ཐོགས་པ་ཚོའི་ལས་དབང་། 


རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ལ་ཉེ་བའི་སྐབས་འདིར། ཞི་ཅིང་ཕིང་གིས་རྒྱ་ནག་དམར་ཤོག་གི་རིག་པའི་གཞུང་ལུགས་དེ་བཞིན་རྒྱ་ནག་དམར་ཤོག་གི་ལས་དོན་ལ་གལ་ཆེན་པོ་ཡིན་ལུགས་བསྐྱར་དུ་འགྲེལ་བརྗོད་བྱས་འདུག འབྲེལ་ཡོད་ཆེད་མཁས་པས་དབྱེ་ཞིབ་བྱས་གསལ་ལ། རིག་པའི་གཞུང་ལུགས་འགངས་ཆེན་དུ་འཛིན་པ་ནི་རྒྱ་ནག་དམར་ཤོག་གི་ངོ་བོས་ཐག་བཅད་པ་ཞིག་ཡིན་མོད། འོན་ཀྱང་རིག་པའི་གཞུང་ལུགས་སྨྲ་བའི་སྨྱུག་ཐོགས་པ་དེ་ཚོ་རྟག་པར་ནང་ཁུལ་འཐབ་རྩོད་ཁྲོད་ཕམ་ཁ་མྱོང་མཁན་གྱི་གླུད་རྫས་ཆགས་ཡོད་པ་རེད་ཅེས་བརྗོད། སྤྱི་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་གྱི་མི་དམངས་ཉིན་རེའི་ཚགས་པར་ལས། ཞི་ཅིང་ཕིང་གིས་རྒྱ་ནག་ཞིང་ཆེན་རིམ་པའི་དཔོན་རིགས་ཚོར་གཏམ་བཤད་བྱེད་སྐབས་ཤིག་ལ། མཱ་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན། རིག་ཚན་གྱི་འཕེལ་རྒྱས་ཀྱི་ལྟ་བ། ཁྱོན་ཡོངས་ནས་དུས་སྐབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཞེས་པ་སོགས་དམར་ཤོག་གི་རིག་པའི་གཞུང་ལུགས་དེ་དག་ནི་རྒྱ་ནག་དམར་ཤོག་གི་ལས་དོན་ལ་ཤིན་ཏུ་གལ་ཆེན་པོ་ཡིན་པར་བསྟན་ཞིང་། དེ་ལས་ད་དུང་ཞི་ཅིང་ཕིང་གིས་དམར་ཤོག་མཱ་ཁེ་སི་རིང་ལུགས་ཀྱི་ཚན་རིག་གི་རིག་པའི་གཞུང་ལུགས་ཀྱི་སློབ་སྟོན་ནི་ང་ཚོའི་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ངོ་བོ་དང་ཆབ་སྲིད་ཀྱི་ཁྱད་འཕགས་དགེ་མཚན་ཡིན། ཞེས་བརྗོད་འདུག

རྒྱ་ནག་དམར་ཤོག་གིས་དམར་ཤོག་གི་རིག་པའི་གཞུང་ལུགས་དེ་བཞིན་རྒྱ་ནག་དམར་ཤོག་གི་ཁྲིམས་མཐུན་གནས་བབས་ཀྱི་གཞི་རྟེན་བཅོལ་ཡུལ་ཞིག་ཏུ་བཀོལ་བ།

རྒྱ་ནག་དམར་ཤོག་དབུས་གཞུང་གི་བསམ་བློའི་དྲིལ་བསྒྲགས་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་ཞིག་གིས་ཆེད་དམིགས་ཀྱིས་དྲིལ་བསྒྲགས་དང་འདུ་ཤེས་འཛིན་སྟངས་སྐོར་གྱི་ལས་དོན་ལ་ཁ་ལོ་སྒྱུར་བཞིན་ཡོད་ཅིང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་ལས་དོན་དེ་འགོ་བཙུགས་པ་ནས་བཟུང་། སྐབས་སོ་སོར་རྒྱ་ནག་དམར་ཤོག་དབུས་གཞུང་གི་ཆབ་སྲིད་རྒྱུན་ལས་ཤིག་གིས་ཚོགས་གཙོའི་འགན་འཁུར་བཞིན་ཡོད་པ་རེད། ད་ལྟའི་ཚོགས་གཙོ་ལས་ཐོག་ནི་དེང་སྐབས་རྒྱ་ནག་དམར་ཤོག་གི་རིག་པའི་གཞུང་ལུགས་སྨྲ་བ་ཨང་དང་པོ་དང་། དམར་ཤོག་ཚོགས་པའི་ནང་གོ་གནས་ཨང་ལྔ་པ་ཡིན་པའི་ཝང་ཧུའུ་ཉིང་ཞེས་པ་དེ་ཡིན་ཞིང་། སྒོ་འབྱེད་ཅེས་པའི་དུས་དེབ་དང་སྒོ་འབྱེད་ཀྱི་དྲ་རྒྱའི་རྩོམ་སྒྲིག་པ་ཅིང་ཀྲུང་གིས་བརྗོད་དོན་ལ། དམར་ཤོག་གི་གསར་བརྗེ་ལངས་ནས་ལོ་ངོ་བརྒྱ་འགོར་བའི་དུས་ཡུན་རིང་པོ་དེའི་ནང་། དམར་ཤོག་གི་རིག་པའི་གཞུང་ལུགས་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དམར་ཤོག་གི་ཁྲིམས་མཐུན་གྱི་ངོ་བོ་དང་དབང་ཆ། གསར་བརྗེའི་དམག་འཁྲུག་གི་ཁྲིམས་མཐུན་གྱི་ངོ་བོ་སྐྲུན་ཐབས་སོགས་ཀྱི་ཐད་ནས་གཞི་རྐང་འཛིན་ས་རྩ་བ་དེ་ཆགས་ཡོད། ཅེས་དང་། རྒྱ་ནག་གི་ལས་དོན་སྐོར་གྱི་ཆེད་མཁས་པ་ཨ་རིའི་ཁཱ་ལི་ཧྥོར་ནི་ཡའི་གཙུག་ལག་སློབ་ཆེན་གྱི་རྒན་ཡོལ་གནང་ཟིན་པའི་དགེ་རྒན་ཆེན་མོ་སུང་ཡུང་ཡཱིས་བརྗོད་དོན་ལ། རྒྱ་ནག་དམར་ཤོག་གིས་སྲིད་དབང་འཛུགས་དུས་གཙོ་བོ་མེ་མདའ་དང་སྨྱུ་གུ་ལ་བརྟེན་ནས་སྲིད་དབང་བཙུགས་པ་ཡིན་ཞིང་། རྒྱ་ནག་དམར་ཤོག་གི་རིག་པའི་གཞུང་ལུགས་སྨྲ་བ་དེ་ཚོའི་ཞབས་ཞུ་བྱ་ཡུལ་གཙོ་བོ་ནི་མཐོ་རིམ་ཡིན་པ་དང་། དེའི་ནང་ནས་ཀྱང་འགོ་ཁྲིད་མཐོ་ཤོས་གྲས་ཡིན་པ་རེད། དཔེར་ན། ད་ལྟའི་ཆར་རིག་པའི་གཞུང་ལུགས་སྨྲ་བ་ཝང་ཧུའུ་ནིང་ལྟ་བུས་གཙོ་བོ་ཞི་ཅིང་ཕིང་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་པ་དང་། གཙོ་ཆེ་ཤོས་ཞི་ཅིང་ཕིང་གི་བསམ་བློ་ཞེས་པ་དེར་འུར་བསྟོད་བྱ་རྒྱུ་དེ་ལས་དོན་གཙོ་བོ་ཡིན་པ་ལས། མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་ཞེས་པ་སོགས་ནི་ཆོ་མེད་པའི་སྐད་ཆ་རང་རེད་ཅེས་བརྗོད་འདུག

རྒྱ་ནག་དམར་ཤོག་གི་སྲིད་དབང་སྲ་བརྟན་གཏོང་བྱེད་ཀྱི་ལག་ཆ་གཙོ་བོ་གཉིས་ཏེ། མེ་མདའ་དང་སྨྱུག་གུ་གཉིས་ལས་སྨྱུག་གུའི་ཁོངས་སུ་རྒྱུན་སྲོལ་གྱི་བརྒྱུད་ལམ་ཚགས་ཤོག་དང་། དུས་དེབ། རླུང་འཕྲིན། བརྙན་འཕྲིན་སོགས་དང་། རིག་གནས་སྒྱུ་རྩལ་གྱི་སྡེ་ཚན་ཏེ། གློག་བརྙན་དང་། ཟློས་གར། རོལ་མོ། སྒྱུ་རྩལ་རྩོམ་ཡིག །རི་མོ་སོགས་ལས་གྲུབ་པའི་རྒྱ་ནག་དམར་ཤོག་གི་དྲིལ་བསྒྲགས་ཀྱི་མ་ལག་ཆེན་པོ་ཞིག་གྲུབ་ཡོད་ཅིང་། དེའི་ཁོངས་སུ་ད་དུང་དེང་སྐབས་ཀྱི་དྲ་རྒྱའི་བརྒྱུད་ལམ་དང་སྤྱི་ཚོགས་དྲ་རྒྱ་སོགས་བེད་སྤྱད་ནས་ཟང་ཟིང་ལང་ལོང་གི་དྲིལ་བསྒྲགས་སྣ་ཚོགས་སྤེལ་མཁན་དང་། སྟངས་འཛིན་གྱི་ནུས་པ་འདོན་མཁན་ཡང་མང་པོ་ཡོད་པ་རེད། དེ་ལྟ་ནའང་། རྒྱ་ནག་དམར་ཤོག་གི་ངོས་ནས་རིག་པའི་གཞུང་ལུགས་སྨྲ་བ་ཞེས་མིང་བཏགས་ཡོད་པའི་གང་ཟག་ནི་ཧ་ཅང་ཉུང་ཉུང་ཞིག་ལས་མེད་པ་དང་། ད་ལྟའི་ཆར་རིག་པའི་གཞུང་ལུགས་སྨྲ་བ་སྐད་གྲགས་ཆེ་ཤོས་ཀྱི་གྲས་སུ་ཝང་ཧུའུ་ནིང་དང་། ཁྲེང་པོ་ཏྭ། ཁང་ཧྲེང་། ཀྲང་ཁྲེན་ཆའོ། ཡོ་ཝན་ཡོན། ཧུ་ཆའོ་མུ། ཏན་ལི་ཆོན་སོགས་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་ནག་དམར་ཤོག་གི་“རིག་པའི་གཞུང་ལུགས་སྨྲ་བ”་ཚོའི་ལས་དབང་།

རྒྱ་ནག་དམར་ཤོག་གི་ཆེས་མཐོའི་རིག་པའི་གཞུང་ལུགས་སྨྲ་བ་ཚོར་གནས་སྐབས་རིང་ལོ་རྒྱུས་གཟི་བརྗིད་ལྡན་པ་རེ་ཡོད་མྱོང་ནའང་། མི་ཚེའི་བརྒྱུད་རིམ་ནང་བཟོད་ཐབས་བྲལ་བའི་སྡུག་བསྔལ་མྱོང་དགོས་པའི་དུས་སྐབས་ཀྱང་ཤར་མྱོང་པ་ཤ་སྟག་རེད། ལོ་ངོ་༣༡རིང་ལ་མའོ་ཙེ་ཏུང་གི་དྲུང་ཡིག་བྱེད་མྱོང་མཁན་ཁྲེང་པོ་ཏཱ་ལ་ཐོག་མར་མའོ་ཙེ་ཏུང་གིས་ཡིད་ཆེས་བརྟྟེན་པོ་ཡོད་པར་མ་ཟད། སྐབས་དེར་རྒྱ་ནག་དམར་ཤོག་གི་རིག་པའི་གཞུང་ལུགས་སྐོར་གྱི་ཆེས་མཐོའི་ཞིབ་འཇུག་ལས་ཁུངས་ནང་མཱ་ཁེ་སི་དང་ནེ་ལིང་རིང་ལུགས་ཀྱི་ཞིབ་འཇུག་ཁང་དང་རྒྱ་ནག་དམར་ཤོག་གི་ཆབ་སྲིད་ཞིབ་འཇུག་ཁང་གི་འགན་འཛིན། དེ་བཞིན་རྒྱལ་དར་དམར་པོ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་འགན་འཛིན་གྱི་གོ་གནས་བཞེས་མྱོང་ཡོད་པ་རེད། ཡིན་ན་ཡང་ལོ་གཅིག་ཙམ་མ་འགོར་པར་མའོ་ཙེ་ཏུང་གིས་ཁོ་ལ་དོགས་པ་ཟས་ནས། ༡༩༧༠ལོའི་སྤྱི་ཟླ་༩པར་ཚོགས་པའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་རྗེས་སུ་ཁྲེང་པོ་ཏཱ་ལ་ཟུར་བཀག་བྱས་ནས་ཞིབ་བཤེར་བྱས་ཏེ། མཐར་ཆིང་ཁྲེང་བཙོན་ཁང་ནང་བཅུག་ཡོད་པ་རེད། དེ་ནས་རིག་གནས་གསར་བརྗེ་མཇུག་བསྒྲིལ་རྗེས་ཁོས་ལིང་པའོ་དང་ཅང་ཆིང་སོགས་དང་ངན་འབྲེལ་བྱས་ཡོད་པའི་ཉེས་འཛུགས་ཀྱིས་ལོ་༡༨རིང་གི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

ཁང་ཧྲེན་ནི་༡༩༢༥ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་སུ་མཉམ་བཞུགས་བྱས་ཡོད་ཅིང་། དུས་ཡུན་རིང་པོར་སྒྲིག་འཛུགས་དང་གསང་བའི་བདེ་འཇགས་སྐོར་གྱི་ལས་ཀ་ལས་ཡོད་པར་བརྟེན། མི་ཚོས་ཁོ་ནི་དམར་ཤོག་གི་གཞུང་ལུགས་སྨྲ་བ་ངོ་མ་ཞིག་ལ་བརྩིས་མྱོང་བ་རེད། ཡིན་ནའང་། ཁོ་རང་སྒེར་ངོས་ནས་བརྩམས་ཆོས་གང་ཡང་སྤེལ་མྱོང་མེད་པ་དང་། གཞུང་ལུགས་སྨྲ་བ་ཞེས་པ་དེ་ཡང་དོན་དམ་ལ་ཐོབ་ཐང་སྟོང་པ་ཞིག་རེད། རིག་གནས་གསར་བརྗེའི་སྐབས་སུ་ཁོས་རྒྱ་ནག་དབུས་རིག་གནས་གསར་བརྗེའི་ཚོགས་ཆུང་གི་སློབ་སྟོན་པ་བྱས་མྱོང་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ནང་གོ་གནས་ཨང་ལྔ་པར་སླེབས་ཡོད་པ་རེད། ༡༩༧༥ལོར་ཁང་ཧྲེན་ན་ཚའི་རྐྱེན་ལས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། སྐབས་དེར་རྒྱ་ནག་དམར་ཤོག་གཞུང་གིས་ཁོ་ནི་མཱ་ཁེ་སིའི་རིག་པའི་གཞུང་ལུགས་སྨྲ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་རླབས་ཆེན་དབུ་ཁྲིད་ཡིན་པ། དེ་བཞིན་རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གསར་བརྗེ་བ་ཞིག་རེད། ཅེས་བསྔགས་བརྗོད་བྱས་ཡོད། དེ་ལྟར་ཡིན་ཡང་རིག་གནས་གསར་བརྗེ་མཇུག་བསྒྲིལ་ནས་༡༩༨༠ལོར། འདས་པོ་ཁང་ཧྲེན་དམར་ཤོག་ཚོགས་པའི་སྐྱིད་སྡུག་ཁོངས་ནས་ཕྱིར་འབུད་བཏང་ཡོད་པ་དང་། དེ་སྔོན་གྱི་བསྔགས་བརྗོད་དང་ཐོབ་ཐང་ཡོད་ཚད་ཕྱིར་འཐེན་བྱས་ཏེ། ལིང་པའོ་དང་ཅང་ཆིང་སོགས་དང་ངན་འབྲེལ་བྱེད་མཁན་རེད། ཅེས་ཉེས་འཛུགས་བྱས་ཡོད་པ་རེད།

ཀྲང་ཁྲོན་ཆའོ་ནི་༡༩༣༦ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་སུ་མཉམ་བཞུགས་བྱས་ནས་དུས་ཡུན་རིང་པོར་རྒྱ་ནག་གི་དྲིལ་བསྒྲགས་ལས་ཁུངས་ནང་ལས་ཀ་ལས་ཡོད་པ་རེད། རིག་གནས་གསར་བརྗེའི་སྐབས་ལ་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཀྱི་རིག་གནས་གསར་བརྗེ་ཚོགས་ཆུང་གི་དབང་ཆ་ལས་བརྒལ་མྱོང་བ་རེད། དེའི་རྗེས་ནས་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་དང་སྲིད་བློན་གཞོན་པའི་གོ་གནས་བཟུང་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་གོ་གནས་ཨང་བརྒྱད་པར་སླེབས་ཡོད། ཁོའི་བརྩམས་ཆོས་གྲགས་ཅན་གཉིས་སྔ་ཕྱིར་རྒྱལ་དར་དམར་པོ་ཞེས་པའི་དུས་དེབ་ཐོག་སྤེལ་ཡོད་ཅིང་། ༡༩༧༥ལོར་མ་རྩ་རིང་ལུགས་ཀྱི་སྒེར་གཅོད་དབང་སྒྱུར་ཞེས་པ་དང་། ༡༩༧༦ལོར་སྤེལ་བའི་འབྱོར་མེད་གྲལ་རིམ་གྱི་དབང་སྒྱུར་འོག་གསར་བརྗེ་མཐར་ཕྱིན་པ་བྱེད་དགོས་ཞེས་པ་དེ་གཉིས་རེད། མའོ་ཙེ་ཏུང་གིས་མ་གཞི་ཀྲང་ཁྲོན་ཆའོ་སོ་སོའི་རྗེས་འཛིན་པར་ངོས་འཛིན་གྱིས་བཅིངས་གྲོལ་དམག་གི་ཆབ་སྲིད་དོ་དམ་ལས་ཁུངས་ཀྱི་འགན་འཛིན་ལ་བསྐོ་བཞག་བྱས་ཡོད་ཀྱང་། མཐར་ཀྲང་ཁྲོན་ཆའོ་ལ་དམག་དཔུང་ནང་ལ་གཞི་རིམ་གྱི་རྒྱབ་སྐྱོར་དང་ཉམས་མྱོང་དབེན་པའི་རྐྱེན་གྱིས་དམག་དཔོན་གྱི་དབང་ཆ་བཟུང་ཐུབ་མེད་པ་རེད།

རྒྱ་ནག་དམར་ཤོག་གི་འགོ་ཁྲིད་སྔ་གྲས་ཡིན་པའི་ལི་ཏཱ་ཀྲའོ་དང་ཁྲེང་ཏུའུ་ཤོའུ། ཝང་མིང་། ཐ་ན་མའོ་ཙེ་ཏུང་ཚུད་པའི་མི་ཚང་མ་དང་ཐོག་དམར་ཤོག་གི་རིག་པའི་གཞུང་ལུགས་སྨྲ་བ་ཤ་སྟག་ཡིན་པ་རེད། དེ་ལྟ་ནའང་། མའོ་ཙེ་ཏུང་གིས་སྲིད་དབང་བཟུང་བའི་རྗེས་ལ། དམག་དཔུང་དང་མེ་མདའ་ཡིས་དབང་ཆ་བཟུང་རྒྱུ་ནི། སྨྱུག་གུ་བཟུང་རྒྱུ་ལས་གལ་ཆེ་པོ་ཆགས་ཡོད་པ་དང་། མའོ་ཙེ་ཏུང་གིས་གལ་སྲིད་དམག་དཔུང་དང་མེ་མདའ་མེད་ན་སྨྱུག་གུ་འཛིན་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད། ཅེས་བརྗོད་མྱོང་ཡོད་པ་རེད།

རྩོམ་སྒྲིག་པ་ཅིང་ཀྲུང་གིས་བརྗོད་དོན་ལ། དེ་ནི་མཐར་གཏུགས་ན་རྒྱ་ནག་དམར་ཤོག་གི་སྲོལ་རྒྱུན་དང་ངོ་བོ་ལ་རག་ལས་ཀྱི་ཡོད་པ་རེད། མའོ་ཙེ་ཏུང་གིས་སྲིད་དབང་ནི་མེ་མདའི་ཁ་ནས་ཐོབ་ཀྱི་རེད། ཅེས་བརྗོད་མྱོང་ཡོད་ཅིང་། དམག་དཔུང་དང་དྲག་པོའི་དབང་ཆ་བཟུང་ཐུབ་པ་ཡིན་ན་སྲིད་དབང་བཟུང་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་པ་རེད། མའོ་ཙེ་ཏུང་གི་རྗེས་ལ་རྒྱ་ནག་དམར་ཤོག་གི་གཞུང་ལུགས་སྨྲ་བ་ཡིན་ཟེར་མཁན་ཚོ་དམར་ཤོག་ཚོགས་པའི་ནང་གོ་གནས་མཐོན་པོ་བཞེས་མཁན་ཧ་ལམ་མེད་པ་ཆགས་ཡོད། དགེ་རྒན་ཆེན་མོ་སུང་ཡུང་ཡཱིས་བརྗོད་དོན་ལ། རྒྱ་ནག་དམར་ཤོག་ནི་ཁེ་ཕན་ཁོ་ན་བཟུང་མཁན་ཞིག་དང་དྲག་སྤྱོད་ལ་བརྟེན་ནས་སྲིད་དབང་འཛིན་མཁན་གྱི་ཆབ་སྲིད་ཚོགས་པ་ཞིག་རེད། ཁོ་ཚོ་ལ་མཚོན་ན་དམག་གི་དབང་ཆ་དེ་འགག་རྩ་རེད། ཅེས་འགྲེལ་བརྗོད་བྱས་འདུག

དེ་ཡང་རྒྱ་ནག་དམར་ཤོག་གི་གཞུང་ལུགས་སྨྲ་བ་ཡིན་ཟེར་མཁན་མང་ཆེ་བ་ནི་ཆབ་སྲིད་ལྟ་བ་གཡོན་ཕྱོགས་པ་ཡིན་པར་བརྩི་སྲོལ་ཡོད་པ་དང་། ལོ་རབས་༨༠པའི་ནང་དམར་ཤོག་གི་བསམ་བློ་ཤུགས་ཆེ་དར་སྤེལ་འགྲོ་བཞིན་པའི་སྐབས་ལ་ཡང་། གཞུང་ལུགས་སྨྲ་བ་ཧུའུ་ཆའོ་མུས་དང་ཏེན་ལི་ཆོན་གཙོས་པའི་མི་འགའ་ཤས་ནི་གཡོན་ཐལ་པ་ལ་བརྩིས་ཡོད། ༡༩༨༥ལོར་ཧུའུ་ཆའོ་མུས་ཡི་བུ་ཆེ་བ་ཧུའུ་ཧྲི་དབྱིན་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ནས་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཧུའུ་ཆའོ་མུས་ཡི་ཁྱིམ་རྒྱུད་ཡོངས་ལ་ཞིབ་བཞེར་བྱས་ཡོད་པ་རེད། ༡༩༨༧ལོར་ཧུའུ་ཡའོ་པང་དམར་ཤོག་གི་འགོ་ཁྲིད་ཀྱི་གོ་གནས་ནས་ཕྱིར་འབུད་བཏང་རྗེས། ཁྲེང་ཡུན་ཚུད་པའི་མི་འགའ་ཤས་ཀྱིས་ཏེན་ལི་ཆོན་དེ་དམར་ཤོག་འགོ་ཁྲིད་ཀྱི་གོ་གནས་བཞེས་རྒྱུའི་བསམ་འཆར་བཏོན་ཡོད་ཀྱང་། ཏེན་ཞའོ་ཕིང་གིས་ངོས་ལེན་བྱས་མེད་པར་མ་ཟད། ལོ་དེར་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༡༣ཐོག་ལ་ཏེན་ལི་ཆོན་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུན་ལས་ནས་ཕྱིར་འབུད་བཏང་ཡོད། དུས་དེ་ནས་བཟུང་ཏེན་ལི་ཆོན་གྱིས་བཅོས་སྒྱུར་སྒོ་འབྱེད་སྐོར་ལ་སྐྱོན་བརྗོད་བྱེད་པའི་རྩོམ་ཡིག་འགའ་ཤས་ཤིག་སྤེལ་མྱོང་ཡོད་ཀྱང་ཁོ་ལ་ཆབ་སྲིད་ཀྱི་གོ་གནས་གང་ཡང་ཐོབ་མེད།

དེ་བཞིན་མའོ་ཙེ་ཏུང་གི་དགོངས་པ་ཞེས་པའི་ཚིག་དེ་རྒྱ་ནག་གི་མི་ཚང་མས་ཕལ་ཆེར་ཤེས་ཀྱི་ཡོད་རེད། ཚིག་དེ་ཐོག་མར་བཏོན་མཁན་ནི་རྒྱ་ནག་དམར་ཤོག་གི་གཞུང་ལུགས་སྨྲ་བ་སྔ་ཤོས་གྲས་ཡིན་པའི་ཀྲང་རུའུ་ཤིན་ཟེར་མཁན་དེ་རེད། ༡༩༤༡ལོར་ཀྲང་རུའུ་ཤིན་གྱིས་སྐབས་དེར་དམར་ཤོག་ཚོགས་པའི་ཚོགས་མི་ཞེས་པའི་དུས་དེབ་ཐོག་ལ་རྩོམ་ཞིག་སྤེལ་ཏེ། མའོ་ཙེ་ཏུང་ནི་མཱ་ཁེ་སི་རིང་ལུགས་གསར་གཏོད་བྱེད་མཁན་གྱི་ཚབ་མཚོན་མི་སྣ་ཞིག་ཡིན་པ་དང་། མི་སྣ་གསོ་སྐྱོང་བྱེད་དགོས་ན་མའོ་ཙེ་ཏུང་གི་དགོངས་པ་ལ་དད་བཀུར་བྱེད་དགོས། ཞེས་བྲིས་མྱོང་ཡོད། ཀྲང་རུའུ་ཤིན་གྱིས་མའོ་ཙེ་ཏུང་མི་སྒེར་ལ་དད་བཀུར་དང་ངོ་དགའ་བྱེད་པའི་ཚིག་སྦྱོར་གང་མང་སྤེལ་མྱོང་ཡོད་ཀྱང་། མཐར་རིག་གནས་གསར་བརྗེ་ཆེན་མོའི་ལོ་བཅུའི་རིང་ལ་རྡུང་རྡེག་ཕོག་སྟེ་༡༩༧༦ལོའི་སྤྱི་ཟླ་དང་པོའི་ནང་རང་ལོ་༦༨ཐོག་ཧྲང་ཧེ་ནས་འདས་གྲོངས་སུ་ཕྱིན་པ་རེད།།

འབྲེལ་ཡོད།

XS
SM
MD
LG