ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཏན་ཡུས་ཝེན་གྱིས་ཞི་ཅིང་ཕིང་གི་དབང་ཆའི་འཕེལ་རིམ་གླེང་བ།


རྩོམ་ཐུང་འདི་ནི་རྩོམ་པ་པོ་ཏན་ཡུས་ཝེན་གྱིས་བྲིས་པའི་དཔྱད་རྩོམ་ཞིག་ཡིན་པ་ལས། དེས་ཨ་རིའི་རླུང་འཕྲིན་ཁང་གི་ལྟ་བ་མཚོན་གྱི་ཡོད་པ་ཁྱབ་ཀྱི་མེད།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཞི་ཅིང་ཕིང་གིས་སོ་སོས་སོ་སོར་བསྔགས་བརྗོད་ཚད་མེད་བྱས་པའི་གཏམ་བཤད་ཅིག་སྤེལ་ཡོད་ཅིང་། ཁོ་རང་འདས་པའི་ལོ་བཅུའི་ལས་ཡུན་རིང་གི་བྱ་བཞག་དེ། འདས་པའི་ལོ་༤༤ རིང་གི་རྒྱ་ནག་གི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་དང་། དེ་བཞིན་ལོ་༧༣ རིང་གི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་གི་ལོ་རྒྱུས། ལོ་བརྒྱའི་རིང་གི་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས། ཐ་ན་ལོ་༢༠༠ ལྷག་རིང་གི་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་དང་། ལོ་༥༠༠༠ ལྷག་རིང་གི་རྒྱ་ནག་གི་ལོ་རྒྱུས་སོགས་དང་གོ་གནས་འདྲ་མཚུངས་སུ་བརྩིས་ཏེ། དོན་སྙིང་ཆེན་པོ་ཡོད་ལུགས་ཀྱིས་འུར་བརྗོད་བྱས་ཡོད། སོ་སོ་རང་ཉིད་ལ་ཚད་ལས་བརྒལ་བ་གདེང་འཇོག་བྱེད་སྟངས་དེས། དེང་སང་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ཞི་ཅིང་ཕིང་གི་དབང་ཆ་ལ་ཚོད་འཛིན་གང་ཡང་བྱེད་ཐུབ་ཀྱི་མེད་པའམ་ཡང་ན་ཚོད་འཛིན་བྱེད་ཤུགས་ཆུང་ཆུང་ཡིན་པར་གསལ་པོ་མཚོན་ཡོད།

ཞི་ཅིང་ཕིང་མི་སྒེར་གྱི་དབང་ཆ་ཆེན་པོ་ཆགས་པ་དེར། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འཕེལ་རིམ་ངེས་ཅན་ཞིག་ཡོད་ལ། ཧུའུ་ཅིང་ཐའོ་དུས་སྐབས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཁོར་ཡུག་གིས་ཞི་ཅིང་ཕིང་གི་དབང་ཆ་གོང་འཕེལ་འགྲོ་རྒྱུར་ས་བོན་བཏབ་ཡོད་ཅིང་། ཧུའུ་ཅིང་ཐའོ་ཡིས་འགོ་ཁྲིད་བྱས་པའི་དམར་ཤོག་ཚོགས་པ་དང་རྒྱ་ནག་གི་སྤྱི་ཚོགས་ནི། བསམ་བློ་དང་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ཚང་མར་ཟང་ཟིང་གི་གནས་སྟངས་ཤིག་ཆགས་ཡོད་པ་དང་། མི་ཚོས་ཧུའུ་ཅིང་ཐའོ་ལ་རེ་ཐག་ཆད་ནས་མ་འོངས་པའི་རེ་བ་དེ་ཞི་ཅིང་ཕིང་ལ་བཅོལ་ཡོད་པ་རེད། དེ་བཞིན་ཧུའུ་ཅིང་ཐའོ་མི་སྒེར་གྱི་དབང་ཆ་ཤིན་ཏུ་ཞན་པ་དང་། དམར་ཤོགས་ཚོགས་པའི་ཆབ་སྲིད་འགྲོ་སྟངས་དང་ཚོགས་མིའི་བསམ་བློ་ལ་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པ། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཚབས་ཆེ་བ། སྤྱི་དམངས་ཀྱི་སྟོབས་ཤུགས་རྒྱས་པའི་མྱུ་གུ་འབུས་པ། སྤྱི་ཚོགས་ཀྱི་ཁོར་ཡུག་གང་ལ་གང་མཚམས་རང་དབང་ཆགས་པ། དེ་བཞིན་དམར་ཤོག་ཚོགས་པ་ལ་གཞི་རིམ་དམངས་ཁྲོད་ཀྱི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བ་སོགས་དམར་ཤོག་ཚོགས་པ་སྤྱི་ལ་འགྲན་སློང་འདྲ་མིན་འཕྲད་ཡོད་པ་དེ་ཞི་ཅིང་ཕིང་གིས་དངོས་སུ་མཐོང་ཡོད་པ་དང་། དེ་བས་ཞི་ཅིང་ཕིང་གིས་དམར་ཤོག་ཚོགས་པ་སྤྱིའི་ཁེ་ཕན་སྲུང་སྐྱོབ་དང་དབང་ཆ་མུ་མཐུད་དུ་གནས་ཐུབ་རྒྱུའི་དམིགས་ཡུལ་བཅངས་ནས་འགོ་ཁྲིད་ཀྱི་གོ་གནས་བཟུང་ཡོད་པ་རེད།

ཁོ་སྒེར་ལ་མཚོན་ན། ད་ལྟའི་ཆར་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་གོ་གནས་སུ་ཡོད་པས། འཇོན་ཐང་མེད་པའི་སྤྱི་ཁྱབ་དྲུང་ཆེ་ཐེབས་ཆག་ཅིག་ཆགས་འདོད་མེད་ལ། མི་གཞན་པ་ཞིག་སོ་སོའི་གོ་གནས་སུ་དེ་བས་ཀྱང་བཀོད་འདོད་མེད། ཁོ་པ་ཉིད་ཧམ་སེམས་ཀྱིས་ཁེངས་པའི་མི་ཞིག་ཏུ་ངེས་པ་དང་། རྒྱ་ནག་དེ་བཞིན་བསྐྱར་དར་གྱི་ལམ་དུ་ཁྲིད་དེ། སོ་སོའི་མིང་དེ་དམར་ཤོག་ཚོགས་པ་དང་རྒྱ་ནག་རྒྱལ་ཁབ་ཀྱི་ལོ་རྒྱུས་སུ་འགོད་འདོད་པས་ན། གོང་འཁོད་ཀྱི་གནས་སྟངས་དེ་ཚོ་ཁོའི་གཞུང་འཛིན་གྱི་དུས་སྐབས་སུ་མུ་མཐུད་དུ་གནས་ཏེ། ཁོ་རང་ཧུའུ་ཅིང་ཐའོ་གཉིས་པ་ལྟ་བུ་ཞིག་གི་གནས་བབ་རྩ་བ་ནས་ཆགས་འཇུག་འདོད་མེད། ཁོའི་དམིགས་ཡུལ་དེ་ལ་སྲུང་འཛིན་རྙིང་ཞེན་གྱི་ཤོག་ཁག་དང་། དམར་པོའི་རིང་ལུགས་ཀྱི་ཤོག་ཁག །དམར་ཤོག་གི་མི་ཐོག་གཉིས་པའི་ཤོག་ཁག ཧུའུ་ཡིས་སྣེ་ཁྲིད་པའི་དམར་ཤོག་གཞོན་ནུའི་ཤོག་ཁག དམར་ཤོག་ཚོགས་པ་ནང་ཁུལ་གྱི་གུ་ཡངས་ཀྱི་ཤོག་ཁག་དང་བཅས་པས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་ཅིང་། ཁོ་ཚོས་དམར་ཤོག་ཚོགས་པར་གསོན་ཤུགས་རྒྱས་པ་དང་ནུས་སྟོབས་ཡོད་པ། ལས་ཀ་བྱེད་ཐུབ་པ་བཅས་ཀྱི་ཆེད་དུ་དབུས་གཞུང་གི་འགོ་ཁྲིད་ཀྱི་ཚོགས་པ་སྟོབས་དང་ལྡན་པ་ཞིག་མཁོ་གལ་ཆེ་བ་རེད། དབུས་གཞུང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་ཀྱི་ཚོགས་པ་དེའི་འགོ་ཁྲིད་མཁན་ལ་དབང་ཆ་ཆ་ཚང་ཡོད་པའི་སྤྱི་ཁབ་དྲུང་ཆེ་ཞིག་ཡོད་མེད་ལ་རག་ལས་པའི་རྐྱེན་ཀྱིས་ཁོ་ཚོས་སྤྱི་ཁྱབ་དྲུང་ཆེའི་དབང་ཆར་ཤུགས་གནོན་བརྒྱབ་པ་རེད། ཁོ་ཚོ་ཚང་མས་ད་ཡོད་ཀྱི་གནས་སྟངས་ལ་འགྱུར་བ་གཏང་འདོད་ཡོད་པ་དང་། ཚང་མས་ཁ་གཅིག་གྲག་ཏུ་དམར་ཤོག་ཚོགས་པའི་དབང་ཆ་གཅིག་སྡུད་བྱ་བའི་དགོས་དོན་གསལ་པོ་རྟོགས་ཡོད་མོད། ཡིན་ནའང་། ཅུང་ཟད་སྔོན་དཔག་བྱས་ཐུབ་མེད་པ་ཞིག་ལ། ཞི་ཅིང་ཕིང་གོ་གནས་སུ་འཁོད་རྗེས་ཐལ་ཆ་ཆེ་དྲགས་པ་དང་། དོན་དག་སྐོར་ཞིག་ཚད་ལས་བརྒལ་ཏེ་སྲིད་དབང་གཅིག་སྡུད་ནས་གཅིད་སྡུད་ཐལ་དྲགས་པའི་ཕྱོགས་སུ་ཕྱིན་པའི་ཐལ་སྐྱོན་བྱུང་ཡོད་པ་ནི་ཁོ་ཚོའི་བསམ་ཡུལ་ལས་འདས་པའི་དོན་ཞིག་རེད།

ཞི་ཅིང་ཕིང་གིས་གོ་རིམ་ངེས་ཅན་ཅིག་བརྒྱུད་ནས་སོ་སོའི་ཕྱོགས་གཏོགས་མིན་པའི་རྒྱ་ནག་དམར་ཤོག་གི་དཔོན་རིགས་དང་མི་དམངས་ཚོ་ལ་ཁ་གཏད་བཅག་ནས་རྡུང་རྡེག་དྲག་པོ་བཏང་ཡོད་ལ། གོམ་པ་དང་པོ་སྟེ་ཁོས་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ཚོགས་ཆུང་གསར་འཛུགས་བྱས་པར་བརྒྱུད་ཚོགས་པ་སྤྱི་ལ་སྟངས་འཛིན་བྱེད་ཐབས་བྱས་ཡོད་པ་དང་། གོམ་པ་གཉིས་པ་སྟེ་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཅེས་པར་ཁ་གཡར་ས་ཞིག་བཙལ་ནས། བློ་གཏད་ས་ཝང་ཆིས་ཧྲན་བརྒྱུད་ནས་དམར་ཤོག་གི་དཔོན་རིགས་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་རེད། གོམ་པ་གསུམ་པ་སྟེ་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་ནུས་པ་སྲ་བརྟན་གཏང་ཆེད། ཚོགས་པ་ནང་ཁུལ་ལ་སྒྲིག་ཁྲིམས་གསར་འཛུགས་བྱས་ཡོད། གོམ་པ་བཞི་པ་སྟེ་བསམ་བློ་དང་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁུངས་ནང་ནས་ནུབ་ཕྱོགས་ཀྱི་བསམ་བློ་ཤུགས་རྐྱེན་གཙང་སེལ་བྱས་པ་དང་། དམར་པོའི་རིང་ལུགས་དང་མི་རིགས་རིང་ལུགས་ཀྱི་དར་ཆ་བསྒྲེངས་པ། གོམ་པ་ལྔ་པ་སྟེ་སྒེར་གཅོད་ཀྱི་དབང་ཆ་ལ་བརྟེན་ནས་སྤྱི་ཚོགས་ཐོག་གི་ངོ་རྒོལ་བ་ཡོད་ཚད་རྩ་མེད་བཟོས་ནས་མཐར་ཞི་ཅིང་ཕིང་མི་སྒེར་གྱི་དབང་ཆ་གཅིག་སྡུད་བྱས་ཡོད། །

XS
SM
MD
LG