ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཚོགས་ཆེན་ཉི་ཤུའི་སྔོན་ཚུད་དུ་རྒྱ་ནག་དཔོན་རིགས་ཚོས་ཞི་ཅིང་ཕིང་མི་སྒེར་ལ་དད་གུས་བྱེད་པའི་རྒྱུ་མཚན། 


ད་ལོའི་སྟོན་ཀར་འཚོག་འཆར་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ཉི་ཤུ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཞེས་པ་དེ་འཚོག་ལ་ཉེ་བའི་སྐབས་འདིར། ད་ཆ་རྒྱ་ནག་གི་ས་གནས་དཔོན་རིགས་ཚོས་ཞི་ཅིང་ཕིང་མི་སྒེར་ལ་དད་གུས་ཡོད་མདོག་གིས་ཁོ་ལ་བསྔགས་བརྗོད་དང་བསྟོད་ར་ཚད་མེད་འབུལ་མཁན་ཇེ་མང་དུ་འགྲོ་གི་ཡོད་ཅིང་། ལྷག་པར་དུ་དེང་སང་རྒྱ་ནག་གི་ཞིང་ཆེན་སོ་སོའི་ས་གནས་དམར་ཤོག་དཔོན་རིགས་ཚོས་ཞི་ཅིང་ཕིང་མི་སྒེར་ལ་དད་གུས་བྱེད་པ་དེ་ནི་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་ཐོག་མི་སྒེར་པ་ཞིག་ལ་དད་གུས་བྱེད་པའི་ཚད་མཐོ་ཤོས་སུ་སླེབས་འདུག དཔེར་ན་རྒྱ་ནག་ཀྲེ་ཅང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཡོན་ཅག་གིས་ཞི་ཅིང་ཕིང་ནི་དུས་རབས་འདིའི་ནང་རླབས་ཆེའི་དབུ་ཁྲིད་ཅིག་ལ་བརྩིས་ཏེ་ཁོའི་གཏམ་བཤད་ནང་མར་ཁེ་སི་རིང་ལུགས་ཀྱི་བདེན་པའི་སྙིང་བཅུད་དང་ཤེས་རབ་ཚུད་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་དང་། དེ་བཞིན་ཅང་སུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཝུའུ་ཀྲེང་ལུང་གིས་ཞི་ཅིང་ཕིང་ནི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པ་དང་བསམ་བློ་བ། ཐབས་ཇུས་པ་ཡིན་པས་ཁོ་ལ་ཆབ་སྲིད་ཀྱི་སྤོབས་པ་ཆེ་ཞིང་ཤེས་རབ་ཀྱིས་ཕྱུག་པ་ཞིག་ཡིན་ལུགས་ཀྱི་བསྟོད་པ་བཏང་ཡོད་པ་རེད། ཧེ་པེ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཝང་ཏུང་ཧྥེང་གིས་ཞི་ཅིང་ཕིང་ནི་དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་ཀྱི་དད་གུས་བྱེད་ས་དང་། མི་དམངས་ཀྱིས་དགའ་མོས་བྱེད་སའི་བླ་ན་མེད་པའི་དབུ་ཁྲིད་ཅིག་རེད་ཅེས་བརྗོད་འདུག དོན་དངོས་སུ་རྒྱ་ནག་གི་དམར་ཤོག་དྲུང་ཆེ་ཡོད་པའི་རྒྱ་ནག་གི་ཞིང་ཆེན་༣༡ ལས་ཞིང་ཆེན་༢༨ ཀྱི་དམར་ཤོག་དྲུང་ཆེ་ཚོས་ཞི་ཅིང་ཕིང་ནི་ཡང་དག་པའི་དབུ་ཁྲིད་དང་མི་སྣ་རླབས་ཆེན་ཞིག་ཡིན་པར་བསྔགས་བརྗོད་བྱས་འདུག གཞན་ཡང་རྒྱ་ནག་གི་གསར་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ད་ལྟའི་ཆར་ཞི་ཅིང་ཕིང་མི་སྒེར་ལ་བསྟོད་པ་འབུལ་མཁན་ནང་ནས་སྐད་གསེང་མཐོ་ཤོས་གྲས་ནི་ཁྲེང་མིར་དང་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ལི་ཆང་དང་། ཐའེ་ཅིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ལི་ཧུང་ཀྲུང་། པེ་ཅིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཚའེ་ཆིས་བཅས་རེད། མི་བཞི་པོ་དེ་དག་ནི་ད་ལྟ་རྒྱ་ནག་གི་ཆབ་སྲིད་ལྷན་ཚོགས་ཀྱི་ཚོགས་མི་ཡིན་ཞིང་། རིང་མིན་དབུས་ཆབ་སྲིད་རྒྱུན་ལས་ཀྱི་གོ་གནས་བཞེས་རྒྱུའི་གོ་སྐབས་ཡོད་པ་ཤ་སྟག་རེད་འདུག

ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ལི་ཆང་།
ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ལི་ཆང་།

ལོ་རྒྱུས་ཐོག་རིག་གནས་གསར་བརྗེ་ཆེན་མོ་བརྒྱུད་མྱོང་མཁན་གྱི་མི་ཞིག་ཡིན་ན་ཞི་ཅིང་ཕིང་མི་སྒེར་ལ་བསྟོད་པ་འབུལ་བའི་བྱེད་སྟངས་ལ་རྒྱུས་མངའ་ཆེན་པོ་ཡོད་རྒྱུ་རེད་ལ། དེ་ནི་སྐབས་དེར་མི་ཚོས་མའོ་ཙེ་ཏུང་མི་སྒེར་ལ་དད་གུས་བྱེད་སྟངས་དང་ཨ་ན་མ་ན་ཆགས་ཡོད་ཅིང་། མའོ་ཙེ་ཏུང་ཞེས་པའི་མིང་དེ་ཞི་ཅིང་ཕིང་ལ་བརྗེ་པ་ཙམ་ལས་གཞན་རིག་གནས་གསར་བརྗེ་སྐབས་ཀྱི་བསྟོད་ཚིག་དེ་དག་ལ་འགྱུར་བ་རྩ་བ་ནས་ཕྱིན་མེད་པ་རེད་འདུག

དེ་ཡང་མའོ་ཙེ་ཏུང་མི་སྒེར་ལ་དད་གུས་བྱེད་པའི་གནད་དོན་དེ་ལ་༡༩༨༡ ལོའི་སྤྱི་ཟླ་༦ པའི་ཚེས་༢༧ ཉིན་འཚོགས་པའི་རྒྱ་ནག་དམར་ཤོག་གི་སྐབས་༡༡ པའི་ཚང་འཛོམས་གྲོས་ཚོགས་ཐེངས་༣ པ་ཞེས་པའི་ཐོག་མཐའ་གཅིག་ཏུ་དགག་པ་བརྒྱབ་ཡོད་པ་དང་། སྐབས་དེར་མའོ་ཙེ་ཏུང་གཡོན་ལྷུང་ནོར་འཁྲུལ་ཅན་གྱི་མི་སྒེར་གྱི་འགོ་ཁྲིད་བྱས་པ་དེས་དམར་ཤོག་ཚོགས་པ་སྤྱིའི་འགོ་ཁྲིད་ཀྱི་ནུས་པ་ཚབ་བྱས་ཡོད་པ་དང་། མའོ་ཙེ་ཏུང་མི་སྒེར་ལ་དད་གུས་ཚད་མེད་བྱས་པའི་ཐལ་དྲགས་ཀྱི་བྱེད་སྟངས་དེ་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

འོན་ཏེ་དེང་སང་གི་གནས་སྟངས་དང་རིག་གནས་གསར་བརྗེའི་སྐབས་ཀྱི་གནས་སྟངས་གཉིས་ལ་མི་འདྲ་ས་ཡོད་དེ། རིག་གསར་གྱི་སྐབས་སུ་རྒྱ་ནག་རྒྱལ་ཡོངས་གོང་འོག་གི་མི་མང་ཆེ་བས་མའོ་ཙེ་ཏུང་ལ་སེམས་གཏིང་ནས་བསྟོད་པ་འབུལ་གྱི་ཡོད་པ་རེད། ཡིན་ནའང་དེང་སང་རྒྱ་ནག་གི་མི་སེར་དང་ས་གནས་དཔོན་རིགས་ཚོས་ངོ་ཐོག་ལ་ཞི་ཅིང་ཕིང་ལ་བསྟོད་པ་ཕུལ་བ་ཙམ་ལས་དོན་དམ་ལ་སེམས་གཏིང་ནས་ཞི་ཅིང་ཕིང་ལ་དད་གུས་བྱེད་མཁན་ནི་ཧ་ལས་པ་ཉུང་ཉུང་ཡིན་རྒྱུ་རེད་ཅེས་སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་འདུག

པེ་ཅིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཚའེ་ཆིས།
པེ་ཅིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཚའེ་ཆིས།

དེང་སང་རྒྱ་ནག་དམར་ཤོག་གཞུང་ལ་དཔལ་འབྱོར་དང་། སྤྱི་ཚོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་གི་ཡོད་པའི་ཐོག རྒྱ་ནག་གི་མཐུན་གྲོགས་གཙོ་བོ་ཨུ་རུ་སུས་ཡུག་ཁེ་རན་ལ་དམག་གི་བཙན་འཛུལ་བྱས་པར་བརྟེན་ནས་དེང་སང་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ཁ་གཏད་དུ་ལངས་ཡོད་པ་དང་། དམག་འཁྲུག་དེ་བཞིན་དུས་ཡུན་ཐུང་ཐུང་ཞིག་གི་རིང་མཇུག་སྒྲིལ་ཐབས་བྲལ་བས། ད་ལྟ་རྒྱ་ནག་སྲིད་གཞུང་གིས་ཨུ་རུ་སུ་ལ་སྐྱོན་བརྗོད་བྱས་མེད་པ་སོགས་ལངས་ཕྱོགས་གསལ་པོ་འཛིན་མེད་པའི་རྐྱེན་ལས་རྒྱལ་སྤྱིའི་ཐོག་ལ་ཁ་སྐྱེངས་པོ་ཆགས་ཡོད་པར་མ་ཟད། ལྷག་པར་དུ་རྒྱ་ནག་གིས་ཐེ་ཝན་ལ་སྡིགས་ར་བསྐུལ་བ་དང་། ཧོང་ཀོང་ནང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ཆབ་སྲིད་ཀྱི་སྒྲོམ་གཞི་རྩ་གཏོར་བཏང་བ། ཤིན་ཅང་དང་བོད་ནང་རིགས་རྒྱུད་རྩ་མེད་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་བ། དང་ཐོག་རྒྱ་ནག་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་དུག་དེ་བཞིན་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་བཅུག་ཡོད་པ་སོགས་ཀྱིས་རྐྱེན་ལས། དེང་སང་རྒྱ་ནག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐུབ་མེད་པ་རེད། རྒྱབ་ལྗོངས་དེ་འདྲའི་འོག་ནས་ད་ལྟ་རྒྱ་ནག་གི་ས་གནས་དཔོན་རིགས་ཚོས་ཞི་ཅིང་ཕིང་མི་སྒེར་ལ་དད་གུས་བྱེད་པའི་གནས་ཚུལ་དེ་ལ་ཁུངས་བཅོལ་ས་མེད་པ་འདྲ་པོ་ཆགས་ཡོད།

རྒྱ་ནག་དམར་ཤོག་ཚོགས་པས་མི་སྒེར་ལ་དད་གུས་བྱེད་པར་ངོ་རྒོལ་བྱས་ནས་མི་ལོ་༤༠ ལྷག་ཙམ་ཕྱིན་ཟིན་པའི་དེ་རིང་གི་དུས་འདིར་སླར་ཡང་ཞི་ཅིང་ཕིང་མི་སྒེར་ལ་དད་གུས་ཚད་མེད་བྱེད་མཁན་གྱི་རྒྱ་ནག་གི་ས་གནས་དཔོན་རིགས་ཚོས་ཀྱང་། སོ་སོའི་བྱེད་བབས་དེ་ལ་གོ་བ་གསལ་པོ་ཞིག་ལེན་གི་ཡོད་དེ། ཁོ་ཚོ་མང་ཆེ་བ་དེ་ནི་ལོ་རབས་གོང་མའི་དུས་རབས་༥༠ དང་༦༠ ཡས་མས་ལ་སྐྱེས་ཤིང་འཚར་ལོངས་བྱུང་མཁན་ཤ་སྟག་ཡིན་པས། ཚང་མས་རིག་གནས་གསར་བརྗེ་དངོས་སུ་བརྒྱུད་མྱོང་མཁན་རེད། ཡིན་ན་ཡང་ད་ལྟ་ཁོ་ཚོས་གནས་སྟངས་ཤེས་བཞིན་དུ་ཞི་ཅིང་ཕིང་མི་སྒེར་ལ་དད་གུས་བྱེད་པ་དེ་ནི། གཙོ་བོ་གོང་མའི་ན་བཟའ་གསར་པ་ཞེས་པའི་སྒྲུང་གཏམ་ནང་གི་དཔོན་རིགས་ཚོའི་བྱེད་སྟངས་ནང་བཞིན། རྒྱལ་པོ་ལ་བསྟོད་པ་ཕུལ་བ་དེ་ནི་རྒྱལ་པོ་ལ་བློ་སེམས་དཀར་པོ་ཡིན་ལུགས་མཚོན་བྱེད་ཁོ་ན་ཙམ་ཆགས་ཡོད་པ་རེད།

དེ་ཡང་ཨ་མེ་རི་ཀའི་ཨོ་ཁོལ་ཧོ་མ་གཙུག་ལག་སློབ་ཆེན་གྱི་ལོ་རྒྱུས་རིག་པ་བ་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་ལི་ཞའོ་པིང་གིས་བརྗོད་ན། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་གནས་སྟངས་ཛ་དྲག་ཆགས་བཞིན་པའི་རྒྱབ་ལྗོངས་ལ་དམིགས་ནས་ཞི་ཅིང་ཕིང་གིས་རིང་མིན་འཚོགས་འཆར་ཡོད་པའི་ཚོགས་ཆེན་ཉི་ཤུ་དེ་ཕྱིར་འགྱངས་བྱེད་ཐབས་ཀྱིས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་འགའ་ཤས་ཐག་གཅོད་བྱ་སྲིད་པ་རེད། ཡིན་ནའང་གལ་སྲིད་ཚོགས་ཆེན་ཉི་ཤུ་དེ་ཕྱིར་འགྱངས་བྱ་རྒྱུ་རིང་དྲགས་ན་ཁོ་ལ་ངོ་རྒོལ་བྱེད་མཁན་ཇེ་མང་ཆགས་ནས་ཁོ་རང་མུ་མཐུད་ནས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་གོ་གནས་སྟེང་བསྡད་རྒྱུར་འགོག་རྐྱེན་འཕྲད་སྲིད་པ་ཡིན་པས། ད་ཆ་ཞི་ཅིང་ཕིང་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ཡོད་པ་འགྲེལ་བརྗོད་བྱས་འདུག

XS
SM
MD
LG