ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་ནང་ནད་ཡམས་ཁྱབ་ཚད་དེ་ལོ་གསུམ་གྱི་སྔོན་དང་གཅིག་པ་ཆཊ་འདུག


ད་ལྟའི་ཆར་རྒྱ་ནག་ཏུ་ཏོག་དབྱིབས་ནད་ཡམས་མུ་མཐུད་ནས་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པ་དང་། སྤྱི་ལོ་༢༠༢༣ སླེབས་ལ་ཉེ་བའི་དུས་སྐབས་འདིར་རྒྱ་ནག་གི་མི་དམངས་ཚོ་ནད་ཡམས་ཁྱབ་གདལ་གྱི་ཀློང་ནས་ལོ་གསར་པའི་ནང་བསྐྱོད་དགོས་བྱུང་ཞིང་། ལོ་ན་མཐོ་བའི་མི་རྒན་པ་རྣམས་དང་སྔར་ནས་ན་ཚ་ཡོད་པའི་ནད་པ་རྣམས་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་པ་རེད། རྒྱ་ནག་གི་རྒྱལ་ཡོངས་སུ་སྨན་ཁང་དང་པུར་བཞུ་ཁང་སོགས་ལ་འཚང་ཁ་ཧ་ཅང་ཆེ་བས་ཧ་ལམ་འཆར་ཅན་འཁོར་བསྐྱོད་ཀྱི་རྗེས་མི་ཟིན་པ་ལྟ་བུ་ཆགས་འདུག། དེ་ཙམ་དུ་མ་ཟད་རྒྱ་ནག་ནང་ནད་དུག་ལ་འགྱུར་བ་བྱུང་སྟེ། ད་ཆ་རྒྱ་ནག་གིས་བཟོས་པའི་འགོག་ཁབ་ཀྱིས་ནུས་པ་ག་ཚོད་ཙམ་ཐོན་ཐུབ་ཀྱི་ཡོད་མེད་ཚོད་དཔག་ཐིག་ཁག་པོ་ཆགས་འདུག་ཀྱང་། གཞུང་གི་ངོས་ནས་ད་དུང་ཡང་ཕྱིའི་རྒྱལ་ཁབ་ནས་འགོག་ཁབ་ནང་འདྲེན་བྱ་རྒྱུའི་འཆར་གཞི་དང་གོ་སྒྲིག་ཡོད་པའི་རྣམ་འགྱུར་གང་ཡང་བསྟན་མེད་པ་རེད།

སྤྱི་ཟླ་༡༢ པའི་ཚེས་༣༡ ཉིན་རེའེ་ཌར་སི་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལ། སྤྱི་ལོ་གསར་པ་ཚེས་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་ནས། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་གསུམ་གྱི་རིང་ལ་ཟིན་པའི་ནད་ཡམས་སྔོན་འགོག་གི་སྲིད་ཇུས་དེ་བཞིན་ཟླ་བ་འདིའི་ནང་གློ་བུར་དུ་འགྱུར་བ་བཏང་བར་སྐྱོན་བརྗོད་བྱས་ཡོད་ཅིང་། སྔར་གྱི་དམ་དྲག་གི་སྲིད་ཇུས་ལྷོད་ཡངས་བཏང་སྟེ་ནད་ཡམས་དང་མཉམ་གནས་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་རྐྱེན་ལས། ད་ཆ་རྒྱ་ནག་རྒྱལ་ཡོངས་སུ་ནད་ཡམས་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་ཡོད་པ་དང་། དཔལ་འབྱོར་ཉམས་ཆག་ཏུ་ཕྱིན་པ། རྒྱལ་སྤྱིའི་དོ་སྣང་བྱེད་ཤུགས་ཆེ་རུ་ཕྱིན་ཏེ། དབྱིན་ཇི་དང་ཧྥ་རན་སི་གཉིས་ནས་གསར་དུ་རྒྱ་ནག་ནས་ཡོང་བའི་འགྲུལ་པར་ཚོད་འཛིན་བྱེད་མགོ་ཚུགས་ཡོད་པ་རེད།

ནད་ཡམས་ཁྱབ་གདལ་དུ་ཕྱིན་ནས་ལོ་ངོ་གསུམ་གྱི་རྗེས་སུ། རྒྱ་ནག་ཏུ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་བྱུང་སྟེ། ཟླ་བ་འདིའི་ནང་སྤྱིའི་ཆ་ནས་ནད་ཡམས་སྔོན་འགོག་གི་དམ་དྲག་སྲིད་ཇུས་ལྷོད་ཡངས་གཏང་དགོས་བྱུང་ཞིང་། འཛམ་གླིང་སྤྱིའི་ནད་ཡམས་སྔོན་འགོག་བྱེད་སྟངས་དང་ཕྱོགས་མཚུངས་ཤིག་བྱེད་མགོ་ཚུགས་ཡོད་མོད། འོན་ཏེ། ངོ་རྒོལ་ལས་འགུལ་དེ་དག་ནི་དོན་དམ་ལ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་གི་ནད་ཡམས་སྔོན་འགོག་གི་སྲིད་ཇུས་ལ་མི་དམངས་ཀྱི་ངོས་ནས་འདོད་པ་ག་ཚོད་ཙམ་ཡོད་མེད་ཚོད་ལྟ་ཐེངས་ཤིག་བྱས་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད། ངོ་རྒོལ་ལས་འགུལ་དེ་བཞིན་ཞི་ཅིན་ཕིང་གིས་སྲིད་དབང་བསྐྱངས་ནས་ངོ་ལོ་བཅུ་ཕྱིན་མཚམས་སུ་ཡོངས་བསྒྲགས་ཀྱི་ཐོག་ནས་མི་དམངས་ཀྱིས་ངོ་རྒོལ་བྱས་པ་ཤུགས་ཆེ་ཤོས་དེ་ཡིན་པ་དང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་གྲངས་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་པའི་སྐབས་ཤིག་ཀྱང་ཡིན་འདུག།

སྤྱི་ཟླ་༡༢ པའི་ཚེས༢༧ ཉིན། རྒྱ་ནག་དམར་ཤོག་གཞུང་གི་མགྲིན་ཚབ་གསར་ཤོག་གོ་ལའི་དུས་བབ་ཅེས་པའི་མདུན་ཤོག་གི་ངོས་སུ། ཨ་མེ་རི་ཀ་དང་ཡོ་རོབ་སོགས་འཁྲུག་ཟིང་གི་གནས་སྟངས་ཀྱི་ནང་ནས་སྤྱི་ལོ་༢༠༢༢ ལོ་མཇུག་བསྡུས་པ་ཞེས་པའི་རྩོམ་ཡིག་སྤེལ་ཡོད་པར། རྒྱ་ནག་གི་དམངས་ཚོས་གཞུང་གི་ཤོད་སྟངས་དེ་བློར་མ་བབས་པར་ཟུར་ཟའི་ཚུལ་དུ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཝེ་པཱོ་སོགས་སུ་རྒྱ་ནག་ནི་དུས་བབ་ཧ་ཅང་བཟང་པོ་ཞིག་གི་ནང་ནས་སྤྱི་ལོ་༢༠༢༣ ལ་བསུ་བ་བྱེད་བཞིན་པ་ཞེས་དང་། རྒྱ་ནག་མི་དམངས་ཀྱིས་ལུས་ལ་ཚ་བ་རྒྱས་བཞིན་འཛམ་གླིང་གི་གནས་སྟངས་ལ་ལྟད་མོ་ལྟ་བཞིན་པ་ཞེས་སོགས་གཞུང་གི་ཤོད་སྟངས་ལ་འཕྱ་དམོད་བྱེད་པའི་བརྗོད་ཚིག་སྤེལ་བཞིན་པ་རེད།

ཕ་ཡུལ་རྒྱ་ནག་བྱང་ཕྱོགས་ཀྱི་ཞིང་ཆེན་ཧེ་ལུང་ཅང་ནས་ཡིན་ཞིང་། མིང་ལ་ཁཱ་ཐེ་ཞེས་འབོད་པ་ཞིག་གིས་ཉེ་བའི་ཆར་ཨ་རིའི་རླུང་འཕྲིན་ཁང་ལ་ཁོང་མོའི་ཕ་ཡུལ་གྱི་སྨན་པ་དང་སློབ་གྲོགས་ཚོའི་ད་ལྟའི་གནས་སྟངས་ཅི་ཡིན་འགྲེལ་བརྗོད་གནང་གསལ་ལ། ང་ལ་ན་ཚ་དེ་ཕོག་སྐབས་ངས་ད་དུང་ངའི་སློབ་གྲོགས་ཤིག་ལ། ད་ཁྱེད་ཚོ་ལ་ཡང་ན་ཚ་མགྱོགས་པོ་འགོ་རྒྱུ་ཡིན་པ་ཉག་གཅིག་རེད། གྲ་སྒྲིག་ཡག་པོ་གྱིས་ཨ་ཞེས་བཤད་པ་ཡིན། དང་ཐོག་ངའི་སློབ་གྲོགས་ཁོས་ཀྱང་གནས་སྟངས་དེ་ལྟར་སྡུག་པོ་ཆགས་རྒྱུ་ཡིན་པར་ཚོད་དཔག་ཐིག་མ་སོང་། ཁོང་གིས་ང་ལ་ཁོ་ཚོའི་སྨན་ཁང་ཆ་ཚང་སྦོ་ལུག་ཚར་སོང་། ཞེས་བརྗོད་བྱུང་། ཁོང་ཡོད་སའི་སྨན་ཁང་གི་སྡེ་ཚན་དེའི་ནང་ད་ཕན་ན་ཚ་མ་འགོས་པའི་མི་གཉིས་མ་གཏོགས་ལྷག་མ་མེད་པ་དང་། གཞན་ན་ཚ་འགོས་ཟིན་པ་ཚོ་ཡང་། སྨན་ཁང་ནང་ལས་ཀར་ཡོང་ནའང་འདྲ། སོ་སོའི་ཁྱིམ་དུ་བསྡད་ནའང་འདྲ། དཀའ་ལས་ཁག་པོ་ཞེ་དྲག་རེད། ངས་ཁོ་ཚོ་ཡོད་ས་དེར་གནས་སྟངས་དེ་འདྲ་སྡུག་པོ་ཆགས་རྒྱུ་ཡིན་པ་རྩ་བ་ནས་ཧ་གོ་མ་སོང་། ཞེས་བརྗོད། ཁཱ་ཐེ་ཡི་འདོད་ཚུལ་ལྟར་ན། པེ་ཅིང་ནི་རྒྱ་ནག་རྒྱལ་ཡོངས་ནས་ན་ཚ་ཁྱབ་གདལ་ཕྱིན་པ་སྔ་ཤོས་ཡིན་པ་དང་། ཁོང་མོའི་ཕ་ཡུལ་ཧེ་ལུང་ཅང་ཞིང་ཆེན་ནི་པེ་ཅིང་ལ་ནད་ཡམས་ཁྱབ་གདལ་ཕྱིན་ནས་བདུན་ཕྲག་གཉིས་ཀྱི་རྗེས་སུ་ཁྱབ་མགོ་ཚུགས་ཤིང་། རྒྱ་ནག་བྱང་ཤར་གྱི་ས་ཁུལ་ལ་གྲང་ངར་ཤིན་ཏུ་ཆེ་བའི་རྐྱེན་ལས། མ་གཞི་ནས་སྔར་ནས་ན་ཚ་ཡོད་པའི་མི་རྒན་པ་ཚོ་དགུན་ཁ་ལ་ཉེན་ཁ་ཆེན་པོ་ཡོད་པའི་ཐོག། ད་ལྟ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུ་ཕྱིན་པ་དེས་དེ་བས་ཀྱང་ཉེན་ཁ་ཆེན་པོ་ཆགས་པ་རེད། པེ་ཅིང་དུ་ས་ཆ་ཆུང་ཆུང་གཞན་པ་དང་བསྡུར་ན་འཕྲོད་བསྟེན་གྱི་ཆ་རྐྱེན་ལྟོས་བཅས་ཀྱིས་བཟང་ཡང་། ད་ལྟ་དཀའ་ལས་ཁག་པོ་དེ་བཞིན་ཡིན་ན། ས་ཆ་གཞན་པ་ཚོར་དཀའ་ལས་དེ་ལས་ལྡབ་འགྱུར་གྱིས་ཁག་པོ་ཡིན་པ་ནི་སྨོས་དགོས་པ་རེད། ཅེས་ཀྱང་བརྗོད་འདུག།

ཨ་མེ་རི་ཀའི་ལུ་ཡི་སི་སྲང་ལམ་དུ་གནས་འཁོད་ཝ་ཤིན་ཊོན་གཙུག་ལག་སློབ་གྲྭ་ཆེན་མོའི་རིམས་ནད་ཉམས་ཞིབ་ཁང་གི་འགན་འཛིན་ཟི་ཡ་དྷི་ཨལ་ཨ་ལི་ཡིས་སྤྱི་ཟླ་༡༢ པའི་ཚེས་༢༨ ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུ་སྐབས་བརྗོད་དོན་ལ། གཞི་རྒྱ་ཆེན་པོའི་སྒོ་ནས་འབར་གས་བྱུང་བ་ལྟ་བུའི་ཚུལ་གྱིས་ནད་ཡམས་ཤུགས་ཆེ་ཁྱབ་གདལ་དུ་ཕྱིན་པ་དེས་ནད་ཡམས་ཀྱི་ངོ་བོ་གཞན་འགྱུར་བྱུང་བའི་རྒྱུ་གཙོ་བོ་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད། ཀུན་གྱིས་ཤེས་གསལ་ལྟར། རྒྱ་ནག་ཏུ་དུས་ཡུན་ཐུང་ཐུང་འདི་འདྲ་ཞིག་གི་ནང་ནད་ཡམས་འགོས་ཚད་དེ་འདྲ་ཆེན་པོ་ཆགས་པ་དང་། གློ་བུར་དུ་ནད་པ་ཁྲི་སྟོང་མང་པོ་བྱུང་བ་དེ་ལས་ངོ་བོ་འགྱུར་བའི་ནད་ཡམས་གསར་པ་འབྱུང་སྲིད་པའི་ཚད་དེ་ཇེ་མཐོར་བཏང་ཡོད་པ་མངོན་སུམ་རེད། ང་ཚོས་ད་ཕན་ནད་ཡམས་ཀྱི་ངོ་བོ་འགྱུར་ཟིན་པའི་ནད་དུག་དངོས་སུ་མཐོང་མེད་ཀྱང་། དེ་ལྟ་བུ་འབྱུང་སྲིད་པའི་ཚད་དེ་ཧ་ཅང་མཐོན་པོ་ཆགས་བཞིན་པ་རེད། ཅེས་བརྗོད་འདུག།

ཡང་ཡུན་ནན་ནས་ཡིན་པའི་རུས་མིང་ཀྲུའུ་འབོད་པ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་གསལ་ལ། ནད་དུག་དེ་དུས་ཚོད་དེ་འདྲ་ཐུང་ཐུང་ཞིག་གི་ནང་རྒྱལ་ཡོངས་ཀྱི་ས་ཆ་ཀུན་ལ་ཁྱབ་པ་དེ། ཇི་ལྟར་བྱུང་བ་ཡིན་པ་རྩ་བ་ནས་ཧ་གོ་ཐུབ་ཀྱི་མི་འདུག། སྐུ་ཞབས་ཀྲུའུ་ལགས་ཀྱི་ཕ་ཡུལ་ནི་མི་ཚོགས་མང་པོ་མེད་པའི་ཡུན་ནན་གྱི་གྲོང་གསེབ་ཆུང་ཆུང་ཞིག་ཡིན་ཡང་། བདུན་ཕྲག་གཅིག་གི་གོང་ཙམ་ལ་ལུང་པ་དེའི་ནང་མི་གྲངས་སྟོང་ཚོ་དྲུག་བདུན་ཙམ་ཡོད་པ་ལས་རྒན་གཞོན་མེད་པ་ཚང་མར་ན་ཚ་འགོས་ཡོད་པ་དང་། མི་རྒན་པ་འགའ་ཤས་དང་བུ་མོ་ཆུང་ཆུང་ཞིག་འདས་གྲོངས་སུ་ཕྱིན་ཡོད་འདུག། ངས་ངོ་ཤེས་པའི་མི་ཚང་མར་ནད་ཡམས་འགོས་འདུག། ཡུན་ནན་གྱི་ས་ཆ་ག་ས་ག་ནས་འགོས་ཡོད་འདུག། གཅིག་ཀྱང་ཐར་ཐུབ་མི་འདུག། ཅེས་བརྗོད་འདུག།

སྐུ་ཞབས་ཀྲུའུ་ལགས་ཀྱིས་ད་ལན་གྱི་ནད་ཡམས་ཁྱབ་གདལ་དེ་འདྲ་མགྱོགས་པོ་ཕྱིན་པའི་ཕྱིན་སྟངས་དེར་སོམ་ཉི་ཆེན་པོ་ཡོད་ཅིང་། ཁོང་གིས་ངས་དེ་ནི་ཅི་ཞིག་གིས་བསམ་བཞིན་དུ་བྱས་པའི་ཆོ་འཕྲུལ་ཞིག་རེད། ཅེས་བརྗོད་འདོད་མེད་ཀྱང་། དེ་ནི་གནས་སྟངས་ཧ་ཅང་ཁྱད་མཚར་ཞིག་རེད། ནད་ཡམས་དེ་བཞིན་གནམ་གྲུའི་ནང་ནས་ནམ་མཁར་ནས་མ་གཏོར་བའམ། ཡང་ན་རླུང་དང་ཆར་པ་བརྒྱུད་ནས་འགོས་ཁྱབ་ཏུ་ཕྱིན་པའི་དབང་དུ་བཏང་ཡང་དེ་འདྲ་མགྱོགས་པོ་ཞིག་ཡིན་མི་སྲིད། དེ་ཙམ་དུ་མ་ཟད། ནད་ཡམས་འགོས་པར་དུས་ཚོད་ཀྱི་སྔ་ཕྱི་གོ་རིམ་རྩ་བ་ནས་མི་འདུག། གློ་བུར་དུ་དུས་གཅིག་ལ་ཡུལ་ཕྱོགས་ཚང་མ་ནས་ཁྱབ་གདལ་དུ་འགྲོ་བཞིན་འདུག། མི་ཚོགས་མང་བའམ་ས་ཆ་འདུས་མདོ་དང་། མི་ཚོགས་ཤིན་ཏུ་ཉུང་བའི་ཕྱོགས་མཐའི་གྲོང་གསེབ་བར་ལ་ཁྱད་པར་ཁྱོན་ནས་མི་འདུག། ཅེས་བརྗོད་འདུག།

༢༠༢༡ ལོར། ཕྱི་རྒྱལ་དུ་བཞུགས་པའི་སྐུ་ཞབས་ཀྲུའུ་ལགས་ཕ་ཡུལ་ལ་འཁོར་ཞག་ཏུ་ལོག་སྐབས། སྐབས་དེའི་གྲོང་ཚོའི་ནང་གི་མི་ཚོས་ལུག་ཁྱུའི་ནང་ལ་སྤྱང་ཀི་སླེབས་པ་ཇི་བཞིན་ཁོང་ལ་འཛེམས་དོགས་བྱེད་ཅིང་། ཁོ་པ་ཕྱི་རྒྱལ་ནས་ཡོང་བ་སོང་ཙང་། ནད་དུག་ཅིག་དང་ཁྱད་མེད་དུ་ལྟ་བ་དང་། མི་གཅིག་ཀྱང་ཁོའི་མདུན་ལ་བཅར་ཐུབ་མཁན་མེད་པ་རེད། ཁོང་གིས་ད་ཐེངས་ངས་ངའི་ཨ་མར་ད་ལྟ་ཁྱེད་ཚོས་ཤེས་སོང་ངམ། ཁྱེད་ཚོར་ན་ཚ་ཕོག་ཚར་བ་ཡིན་ན་སྐྲག་ཚོད་ཞེད་ཚོད་ཅིག་རྩ་བ་ནས་ཡོད་བ་མ་རེད། ཅེས་ཞུ་རྒྱུ་བྱུང་། ཞེས་བརྗོད།

དེ་ལྟ་ནའང་། སྐུ་ཞབས་ཀྲུའུ་ལགས་ཀྱིས་ཁོའི་ཕ་ཡུལ་གྱི་མི་ཚོར་ནད་ཡམས་འགོས་རྗེས་ནད་རྟགས་རྦད་དེ་ཁོས་ཕྱི་རྒྱལ་ནས་མཐོང་བ་དང་བསྡུར་ན། ཧ་ཅང་ཛ་དྲག་ཡིན་པ་དེ། རྒྱ་ནག་གིས་བཟོས་པའི་འགོག་ཁབ་ཀྱི་ནུས་པ་ལ་འབྲེལ་བ་གཏིང་ཟབ་མོ་ཡོད་པར་འདོད་དེ། འཛམ་བུ་གླིང་གི་མི་ཚང་མས་ཨོ་མིང་ཁེ་རོང་ནད་དུག་དེ་དྷེར་ཐཱ་ནང་བཞིན་ཚབས་ཆེན་པོ་མ་ཡིན་པ་ཡོངས་གྲགས་ཡིན་ཡང་། ངའི་ཕ་ཡུལ་གྱི་མི་ཚང་མའི་ནད་རྟགས་དེ་ང་སྔོན་མར་དྷེར་ཐཱ་ནད་དུག་ཕོག་སྐབས་ལས་ཧ་ཙང་ཚབས་ཆེན་ཡིན་པ་གསལ་པོ་རེད།

ཉིན་འགའ་ཤས་ཀྱི་སྔོན་དུ། ང་ཚོ་མི་ཁ་ཤས་མཉམ་དུ་ཟ་མ་ཟ་སྐབས། དེའི་སྐོར་ནས་བགྲོ་གླེང་བྱུང་། ཕྱིའི་རྒྱལ་ཁབ་ཁག་གི་འགོག་ཁབ་ལ་ནུས་པ་ཡོད་པ་ནི་ང་ཚོའི་བརྗོད་གཞིའི་སྔོན་འགྲོ་ལྟ་བུ་རེད། ང་ཚོ་ཕྱི་རྒྱལ་ནས་ན་ཚ་ཕོག་པ་ཡིན་ནའང་། ནད་རྟགས་མངོན་སུམ་དུ་ཡོད་པ་ཉུང་ཤོས་རེད། ངས་རྒྱ་ནག་གིས་ཕྱི་རྒྱལ་གྱི་འགོག་ཁབ་ནང་འདྲེན་མི་བྱེད་པ་དེ་དོན་དག་ཅི་ཡིན་རྩ་བ་ནས་ཧ་གོ་གི་མི་འདུག། ཧ་ལས་པ་ཁྱད་མཚར་པོ་རེད། མི་དེ་འདྲ་ལྐུགས་པ་ཡོད་དོན་ཅི་ཡིན་ནམ། ད་ལྟ་ཨ་མེ་རི་ཀ་དང་འཇར་མན་རྒྱལ་ཁབ་གཉིས་ནས་རྒྱ་ནག་ལ་འགོག་ཁབ་མཁོ་སྤྲོད་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྩ་བ་ནས་ནང་འདྲེན་བྱ་རྒྱུའི་དང་ལེན་བྱེད་ཀྱི་མེད་པ་རེད། རྒྱ་ནག་གིས་སོ་སོའི་ལར་རྒྱ་སྟོང་པ་དེ་དེ་ལྟ་བུ་རྩ་ཆེན་པོ་ཟིན་དགོས་པའི་རྒྱུ་མཚན་ཅི་ཤེས་ཀྱི་མི་འདུག། ངོ་མ་ཁྱད་མཚར་རེད། ཅེས་བརྗོད་འདུག།

རེས་གཟའ་སྤེན་པའི་ཉིན་ལ། རྒྱ་ནག་དབུས་བརྒྱུད་ཀྱི་གྲོང་ཁྱེར་ཝུའུ་ཧན་ནས་མི་རྣམས་ཀྱིས་སྤྱི་ལོ་གསར་པའི་ནང་གནས་ཚུལ་བཟང་ཕྱོགས་སུ་འགྱུར་བ་འགྲོ་རྒྱུའི་རེ་བ་ཡོད་ཚུལ་བརྗོད་ཀྱི་འདུག་ཅིང་། ཝུའུ་ཧན་གྱི་མི་ཁ་ཅིག་གིས་ནད་ཡམས་སྔོན་འགོག་གི་དམ་དྲག་སྲིད་ཇུས་གློ་བུར་དུ་ལྷོད་ཡངས་བཏང་རྗེས། རྒྱལ་ཡོངས་སུ་ནད་ཡམས་ཁྱབ་གདལ་ཤུགས་ཆེ་ཕྱིན་པར་བློ་ཕམ་ཡོད་ཚུལ་བརྗོད་ཡོད་པ་དང་། དེའི་ནང་ནས་དགུང་ལོ་༤༥ ཡིན་པའི་ཁྲེང་མེ་ཞེས་འབོད་པ་དེས་བརྗོད་དོན་ལ། ༢༠༢༣ ལོར་མོའི་ལོ་བཅུ་ལྷག་ཡིན་པའི་ཁོང་མོའི་བུ་མོ་རྒྱུན་ལྡན་ནང་བཞིན་སློབ་གྲྭ་ལ་འགྲོ་ཐུབ་པའི་རེ་བ་ཡོད། མོ་རང་སློབ་གྲྭར་འགྲོ་མ་ཐུབ་པར་ནང་ནས་དྲ་རྒྱའི་ཐོག་ནས་སློབ་ཚན་ལེན་དགོས་བྱུང་བ་ཡིན་ན། སློབ་སྦྱོང་ཡག་པོ་ཞིག་རྩ་བ་ནས་བྱེད་ཐུབ་ཀྱི་མི་འདུག། སློབ་སྦྱོང་བྱེད་སྟངས་དེ་དཀའ་ལས་ཁག་པོ་རེད་ཤག། ཕྲུ་གུ་ཚོས་སོ་སོས་སོ་སོར་བདག་པོ་བརྒྱབ་ནས་སློབ་སྦྱོང་ཡག་པོ་བྱེད་ཐུབ་ཀྱི་མི་འདུག། ང་ཚོ་མི་རྒན་པ་ཚོ་ཡང་ནད་ཡམས་ཀྱི་རྐྱེན་པས་ནང་ལ་བཅུག་བཅུག་པར་བཞག་ན་ཤུགས་རྐྱེན་ངན་པ་ཡོད་པ་གསལ་པོ་རེད། ཅེས་བརྗོད་འདུག།

རྒྱ་ནག་ཏུ་དེ་ལྟ་བུའི་༢༠༢༢ ལོའི་དངོས་ཡོད་གནས་སྟངས་མཚོན་པའི་བརྙན་ཐུང་དེ་ཚོ་ནག་བསུབ་བཏང་ནས་ལྟ་མི་ཐུབ་པ་བཟོ་བཞིན་ཡོད་པར། ཝེ་པོ་སོགས་སྤྱི་ཚོགས་དྲ་ལམ་ཐོག་ནས་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོས་མཆན་སྣ་ཚོགས་བྲིས་ནས་དེ་དོན་དུ་གཞུང་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། དོན་དག་དེས་ནད་ཡམས་དམ་དྲག་སྐོར་གྱི་སྲིད་ཇུས་ལ་དཀའ་ངལ་འཕྲད་ཡོད་པ་མངོན་སུམ་ཡིན་པ་དང་། རྒྱ་ནག་ཏུ་ནད་ཡམས་སྐོར་གྱི་སྐད་ཆ་ཤོད་སྟངས་ནི་གཞུང་གི་སྲིད་ཇུས་ལ་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་བརྗོད་གཞི་ཞིག་ལ་ལྟ་བཞིན་ཡོད་པ་རེད།

ད་ལྟའི་ཆར་ནད་ཡམས་གསར་ཏུ་ཁྱབ་གདལ་ཤུགས་ཆེ་ཆས་པའི་རྐྱེན་ལས། རྒྱ་ནག་གི་རྒྱལ་ཡོངས་སུ་སྨན་ཁང་དང་པུར་བཞུ་ཁང་སོགས་ལ་འཚང་ཁ་ཧ་ཅང་ཆེ་བས་ཧ་ལམ་འཆར་ཅན་འཁོར་བསྐྱོད་ཀྱི་རྗེས་མི་ཟིན་པ་ལྟ་བུ་ཆགས་འདུག་པས། མི་དམངས་ལ་བློ་འཚབ་ཆེན་པོ་ཡོང་བཞིན་པ་རེད། མི་གྲངས་དུང་འཕྱུར་བཅུ་བཞི་ཡོད་པའི་རྒྱལ་ཁབ་ཅིག་གིས་རེས་གཟའ་པ་སངས་ཉིན་བཏོན་པའི་སྙན་ཐོ་ལས། མི་གཅིག་མ་གཏོགས་ཤི་མེད་ཟེར་བ་དང་། དེའི་ཉིན་སྔོན་པའི་ཤི་སྐྱོན་བྱུང་བའི་གྲངས་འབོར་དང་གཅིག་མཚུངས་ཡིན་པ་དེ་ནི། ད་ལྟའི་དམ་དྲག་ལྷོད་གཏོང་བྱས་རྗེས་ཀྱི་གནས་སྟངས་དང་ཡོངས་སུ་མཐུན་ཐབས་མེད་པ་གསལ་པོ་ཡིན་པ་རེད། དབྱིན་ཇིའི་བདེ་ཐང་སྐོར་གཞི་གྲངས་ཐོ་འགོད་བཟོ་ཚོང་ཁང་Airfinity ཟེར་བ་དེས། རེས་གཟའ་ཕུར་བུའི་ཉིན་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། རྒྱ་ནག་ནང་ཕལ་ཆེར་ཉིན་པ་གཅིག་ལ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་མི་སྟོང་ཚོ་དགུ་ཤི་བཞིན་ཡོད་པ་དང་། སྤྱི་ཟླ་༡༢ པའི་ཚེས་པ་གཅིག་ནས་བཟུང་སྟེ་ད་བར་དམའ་རྩིས་བྱས་ནའང་མི་ཤི་སྐྱོན་བྱུང་བ་ཁྲི་བཅུ་ལ་ལོངས་ཀྱི་ཡོད་པ་དང་། ནད་ཡམས་འགོས་པའི་སྤྱིའི་སྡོམ་འབོར་བྱེ་བ་གཅིག་དང་ས་ཡ་བརྒྱད་ལྷག་ཡིན་པ་འཁོད་འདུག།

སྤྱི་ལོ་གསར་པའི་ནང་དཀའ་ངལ་གསར་པ་འཕྲད་རྒྱུ་ཡིན་པར་ཚོད་པ་བྱེད་བཞིན་ཡོད་ཅིང་། རེས་གཟའ་སྤེན་པའི་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། སྤྱི་ཟླ་བཅུ་གཉིས་པའི་ནང་བཟོ་གྲྭ་ཁག་གི་ལས་ཀ་བྱེད་ཚད་ཟླ་བ་གསུམ་གྱི་ནང་ཚུན་ལ་རིམ་པ་ལྟར་མར་ཆག་ཡོད་པ་དང་། མར་ཆག་ཚད་དེའང་ལོ་གསུམ་གྱི་རིང་ལ་མགྱོགས་ཤོས་ཆགས་ཡོད་པས། དེ་ནི་རྒྱ་ནག་གི་བཟོ་སྐྲུན་ལས་རིགས་ལ་ཏོག་དབྱིབས་ནད་ཡམས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པའི་མཚོན་རྟགས་ཤིག་རེད། དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་བཞིན་པ་མ་ཟད། དམ་དྲག་ལྷོད་ཡངས་བཏང་རྗེས་ནད་ཡམས་ཁྱབ་གདལ་དུ་ཕྱིན་པའི་རྐྱེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དེ་དོན་ལ་དོ་སྣང་ཤུགས་ཆེ་སླེབས་ཏེ། རྒྱ་ནག་ཏུ་ནད་དུག་ངོ་བོ་གཞན་འགྱུར་བྱུང་བའི་ངེས་པ་ཆེན་པོ་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པར་མ་ཟད། དབྱིན་ཇི་དང་ཧྥ་རན་སི་གཉིས་ནི་རྒྱ་ནག་ནས་ཡོང་བའི་འགྲུལ་པ་ཚོར་ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་བྱེད་མཁན་གྱི་རྒྱལ་ཁབ་གསར་ཤོས་ཆགས་ཡོད་པ་དང་། རྒྱལ་ཁབ་དེ་གཉིས་ལས་གཞན་ཨ་མེ་རི་ཀ་དང་། ལྷོ་ཀོ་རི་ཡ། རྒྱ་གར། དབྱི་ཊ་ལི། ཉི་ཧོང་། ཐེ་ཝན་སོགས་ཀྱིས་ཀྱང་དེ་མཚུངས་ཀྱི་བྱེད་ཐབས་ལག་ལེན་བསྟར་བཞིན་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་ནད་ཡམས་ཀྱི་གནས་སྟངས་ཇི་བཞིན་གསལ་པོ་བཟོ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། འཕྲོད་བསྟེན་ཆེད་མཁས་པ་ཚོས་རྒྱ་ནག་གིས་ནད་ཡམས་ཀྱི་རྐྱེན་པས་མི་ཤི་སྐྱོན་བྱུང་བའི་གནས་སྟངས་ལ་སྣང་ཆུང་གཏོང་མི་རུང་བའི་ཉེན་བརྡ་བཏང་ཡོད་པ་དང་། མི་ཤི་སྐྱོན་གྱི་གྲངས་འབོར་ཇི་བཞིན་མ་བཤད་པ་དེས་མི་མང་པོའི་སྔོན་འགོག་བྱེད་པའི་ཐབས་ལམ་དཀའ་ལས་ཁག་ཏུ་གཏོང་བཞིན་པ་རེད། ཅེས་ཀྱང་བརྗོད་ཡོད་འདུག།

XS
SM
MD
LG