ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བལ་ཡུལ་གྱི་ཤར་པའི་རིགས་ལ་ངོས་འཛིན་ལོག་པ།


༄༅།། ༡༩༥༣་ལོར་ནེའུ་ཛི་ལན་ཌིའི་རི་འཛེག་པ་ཨེ་ཌི་མོན་ཌི་ཧི་ལ་རི་དང་ཤར་པ་བསྟན་འཛིན་ནོར་རྒྱས་གཉིས་ཇོ་མོ་གླང་མའི་རྩེ་རུ་འཛེག་མཁན་ཐོག་མ་དེར་གྱུར། དེ་ནས་བཟུང་སྟེ་ཤར་པ་ཞེས་བའི་ཐ་སྙད་དེ་དོས་པར་གོ་བ་ཞིག་ཏུ་སྣང་རུང་མིང་ཚིག་དེའི་རྒྱབ་ཏུ་རིག་གཞུང་ཕྱུག་པོ་དང་ལོ་རྒྱུས་རིང་པོ་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༣་པའི་ཚེས་༥་ཉིན་ཨ་བྷི་སི་གསར་འགྱུར་ལས་ཁང་གིས་ཤར་པ་ངག་དབང་མགོན་པོ་ཞེས་པའི་གྲྭ་པ་ཞིག་ལ་བཅར་འདྲི་ཞུས། གྲྭ་ངག་དབང་མགོན་པོ་སྒེའུ་ཁུང་གི་འཁྲས་སུ་བསྡད་ནས་མིག་གཉིས་བཙུམས་ཏེ་བསམ་ཞིབ་ཀྱི་ཀློང་དུ་ཚུད། ཇོ་མོ་གླང་མའི་གངས་འདབས་དང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུའི་ཤར་ཕྱོགས་སུ་རྡོ་དང་ཤིང་གིས་ཕུབ་པའི་གྲྭ་ངག་དབང་མགོན་པོའི་གྲྭ་ཤག་ཏུ་ཉི་འོད་མི་འཕོག ཁོང་ཀྲོང་ངེར་བཞུགས་ཏེ་སྐད་ངག་འཇམ་པོས་འདི་ལྟར་བརྗོད། བོད་ལ་ཆར་དུས་ཚུགས་ནས་ཆུ་བོ་༡༨་རྒྱས་པ་དང་ཚོ་ཤོག་༡༨་ཆགས། བལ་ཡུལ་གྱི་སྤྱི་ཚོགས་སུ་མཐའ་ཟུར་དུ་ཕུད་པའི་གདོལ་རིགས་བསྣན་ནས་ཚོ་ཤོག་༡༩་བྱུང་། དེ་དག་གི་གྲས་སུ་ཤར་ཝ་རྣམས་ཚུད། ཐོག་མར་ཤར་པ་ཚོར་ཤར་ཝ་ཞེས་འབོད་ཀྱི་ཡོད་པའི་ལོ་རྒྱུས་སོགས་མཚམས་སྦྱོར་བྱས་འདུག

ཤར་པའི་གྲྭ་ངག་དབང་མགོན་པོས་སླར་ཡང་གསར་འགོད་པར་བོད་དང་བལ་ཡུལ་གྱི་ས་མཚམས་མ་ཕྱེ་སྔོན་ནས་ཤར་པ་རྣམས་ཡུལ་སྤོས་ཏེ་ཇོ་མོ་གླང་མའི་འདབས་ཀྱི་ཤར་ཁུམ་བུའི་ཁུལ་དུ་ཁྱིམ་གཞིས་གསར་དུ་ཚུགས། ཤར་པ་ཚོ་དགོས་ངེས་ཀྱི་དབང་གིས་ཡུལ་སྤོས། ཤར་ཝ་དང་ཚོ་ཤོག་གཞན་གྱི་འབྲེལ་བ་བཟང་པོ་མེད་པ་དང་ཚོ་ཤོག་གཞན་ཚོས་ཤར་ཝ་ཚོར་གཏོར་རྒོལ་བྱས་པས་ཤར་པ་ཚོ་གནས་སྤོས། ཤར་པ་ཚོ་ཤར་ཁུམ་བུའི་ཁུལ་དུ་གཞིས་ཆགས་པའི་རྗེས་སུ་ཞིང་ས་གཤིན་པོ་རྣམས་བཙལ། ས་གནས་གཅིག་ནི་ང་ཚོའི་གྲོང་ཚོ་ཆགས་ཡུལ་ཀུ་རི་མ་ཞེས་པའི་ས་གནས་འདི་ཡིན་པ་དང་ཧི་མ་ལ་ཡའི་འདབས་སུ་རྒྱ་མཚོ་ནས་མཐོ་ཚད་ཧྥི་ཁྲུ་༢༠༠༠་ཡོད། ང་ཚོའི་ཕ་མེས་རྣམས་འདིར་འབྱོར་དུས་ས་ཆ་འདིར་མི་མེད་ལུང་པ་ཟེར་བ་དང་ཀུ་རི་མ་ཞེས་པའི་མིང་འདི་ཇི་ལྟར་ཐོགས་མིན་ཐད་གཏམ་རྒྱུད་མང་པོ་བཤད་རྒྱུ་འདུག འགའ་ཞིག་གིས་ཀུ་རི་ཞེས་པ་ནི་དེའུ་འབུར་ལ་གོ་དགོས་ཟེར་བ་དང་ཤར་པའི་སྐད་དུ་མ་ནི་གྲོང་ཚོར་འཇུག མིང་འདི་ཐོགས་སྟངས་ལ་བཤད་ཚུལ་མི་འདྲ་བ་མང་དུ་མཆིས་ཀྱང་ཐམས་ཅད་ཤིང་ནགས་ཁྲོད་དུ་ཆགས་པའི་གྲོང་ཚོར་གོ་དགོས་པར་གཅིག་ཏུ་འཐད་ཅེས་བཀྲལ།།

ཤར་པའི་མི་རབས་རྒན་པ་ཁག་ཅིག་གིས་ཨེ་བྷི་སི་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པར་གླེང་མོལ་བྱས་པ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་༥༠་པའི་ནང་དུ་བལ་ཡུལ་ལ་ཡུལ་སྐོར་སྤྲོ་འཆམ་མ་དར་གོང་དུ་ཀུ་རི་མའི་མི་མང་གི་འཚོ་བར་དཀའ་ངལ་ཤིན་ཏུ་ཆེ། ཕྱི་རྒྱལ་བ་ཚོ་ཇོ་མོ་གླང་མའི་གངས་རི་འཛེག་ཏུ་བསླེབས་པའི་རྗེས་སུ་ཤར་པ་ཚོར་སྣེ་ཤན་པ་དང་དོས་པ་སོགས་ཀྱི་ལས་ཀ་ཐོབ། དེར་བརྟེན་རྒྱལ་སྤྱིའི་ཐོག་ཏུ་ཤར་པ་ཟེར་དུས་སྣེ་ཤན་པ་དང་དོས་པའི་རིགས་ཤིག་ཡིན་པའི་བག་ཆགས་ཤིག་འཇགས། ཤར་པ་ནི་ལས་རིགས་ཀྱི་ངོས་ནས་ཐོགས་པའི་མིང་ཞིག་མིན་པར་ང་ཚོར་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་ཡོད་ཅེས་བཤད་འདུག ལོ་ན་༧༩་ལ་སོན་པའི་ཤར་པ་བསམ་སྐྱིད་ཡོག་ཟེར་བའི་རྒན་མོ་ཞིག་གིས་ཡུལ་སྐོར་སྤྲོ་འཆམ་དར་ནས་ཡོང་འབབ་མང་དུ་མ་ཕྱིན་གོང་དུ་ང་ཚོའི་འཚོ་བར་དཀའ་ངལ་ཆེན་པོ་ཡོད། སློབ་གྲྭ་མེད་པར་ཕ་མ་ཚོས་རང་གི་བུ་ཕྲུག་ལ་རིག་གཞུང་དང་ཀུན་སྤྱོད། སྐད་ཡིག་སོགས་ཐམས་ཅད་བསླབ་དགོས་ཤིང་། ལས་ཀ་ཚང་མ་ལག་པས་བསྒྲུབ་དགོས་པ་དང་བཟའ་བཏུང་ཡང་འདང་ངེས་མེད་ཅེས་སྨྲས།།

འདས་པའི་ལོ་༧༠་ལྷག་གི་རིང་བལ་ཡུལ་གྱི་རྨང་གཞིའི་འཛུགས་སྐྲུན་ཡར་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཏེ་ཀུ་རི་མ་ས་ཁུལ་གྱི་འཚོ་བར་འགྱུར་ལྡོག་ཐེབས། རྒྱ་ལམ་ཞིག་འཛུགས་སྐྲུན་བྱུང་བ་དེར་དགེ་སྐྱོན་གཉིས་ཀ་བྱུང་། ཀུ་རི་མའི་གྲོང་གསེབ་པ་ཚོར་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་སྦྱོར་ཐུབ་ཀྱང་རྒྱ་ལམ་འཛུགས་སྐྲུན་རྗེས་སུ་ས་གནས་དེར་འགྱིག་དམ་དང་འགྱིག་ཤོག་གི་གད་སྙིགས་གཏོར། ལོ་ན་༨༠་ཐམ་པར་སོན་པའི་ཤར་པ་ངག་དབང་ཆོས་འཕེལ་ཞེས་པའི་རྒད་པོ་ཞིག་གིས་ཀུ་རི་མའི་མང་ཚོགས་ཀྱི་ཁང་པ་རྣམས་སྦྲ་གུར་ནས་རྡོ་ཁང་དང་རྡོ་ཁང་ནས་ཤིང་ཁང་ཏུ་འགྱུར། བལ་ཡུལ་གཞུང་གིས་རྒྱ་ལམ་འཛུགས་སྐྲུན་བྱས་རྗེས་སུ་ཤར་པ་ཚོ་རང་ཁྱིམ་ནས་ཕྱི་ལ་བསྐྱོད་རྒྱུ་འགོ་ཚུགས། ཡུལ་སྐོར་སྤྲོ་འཆམ་གྱིས་ཤར་པའི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟར་གྱི་འགྱུར་ལྡོག་ཐེབས་ཀྱང་ཡུལ་སྐོར་སྤྲོ་འཆམ་པ་མི་སླེབས་པའི་ས་གནས་ཁག་ཏུ་སྔ་མོའི་སྲོལ་རྒྱུན་རྣམས་རང་སོར་གནས། ས་གནས་དེ་དག་ཏུའང་མི་མང་གིས་དཔལ་འབྱོར་ཡོང་འབབ་འདུ་འགོད་བྱེད་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒད་པོ་ངག་དབང་ཆོས་འཕེལ་གྱིས་ཕོར་པ་གཉིས་ཀྱི་ནང་དུ་ཇ་བླུགས་ཏེ་ཅོག་ཙེའི་ཐོག་ཏུ་བཞག འདི་ནི་ཤར་པའི་ལུགས་སྲོལ་ལྟར་མི་ལ་སྣེ་ལེན་བྱེད་སྟངས་སུ་མངོན། ཤར་པ་ཚོར་འགྲུལ་པ་རྣམས་ཇ་ཆང་གིས་བསུ། ལྷག་པར་དུ་འགྲུལ་པ་རྣམས་ཇ་ཆང་གིས་བསུ་བའི་དུས་སུ་ཕོར་པ་ཁ་ཆག་ཡིན་མི་ཉན་པ་དང་དཀར་ཡོལ་ཁ་ཆག་ནང་དུ་ཇ་ཆང་དྲངས་ན་རྟེན་འབྲེལ་ལོག་པ་དང་མི་ལ་མཐོང་ཆུང་བྱས་པར་བརྩི། རྒད་པོ་ངག་དབང་ཆོས་འཕེལ་གྱིས་འཛུམ་ཞིག་བསྟན་ནས་གསར་འགོད་པར་ཇ་དྲངས། ཁོང་གིས་ཡུལ་སྐོར་སྤྲོ་འཆམ་དར་བའི་རྗེས་སུ་ཤར་པ་ཚོས་ལྟོས་ས་ལྟོས་འཇོག་གི་སྒོ་ནས་རྒྱས་སྤྲོས་ཀྱི་འཚོ་བར་རོལ་ཐུབ་ཀྱི་ཡོད། མི་རྣམས་གངས་རི་འཛེག་ཏུ་ཡོང་བ་དང་ཤར་པ་ཚོར་ལས་ཀ་ཐོབ་ཀྱི་ཡོད་པ་རེད་ཅེས་བཤད། ཤར་པའི་བླ་མ་ངག་དབང་ཟླ་བ་ཞེས་པ་ཞིག་གིས་མི་ཚོས་ཤར་པ་ཞེས་པའི་མིང་གི་གོ་དོན་ལོག་འགྲེལ་བྱེད་ཀྱི་འདུག ཤར་པ་ནི་ཤར་ཕྱོགས་སུ་གནས་སྡོད་པའི་མི་ལ་ཟེར། ཨེ་ཌི་མིན་ཌི་ཧི་ལ་རི་དང་ཤར་པ་བསྟན་འཛིན་ནོར་རྒྱས་གཉིས་ཇོ་མོ་གླང་མར་འཛེགས་པའི་རྗེས་སུ་འཛམ་གླིང་ཡོངས་སུ་ཤར་པ་ཞེས་སྐད་གྲགས་བྱུང་བ་དང་མི་ཚོས་ཤར་པ་ཟེར་དུས་དོས་པར་གོ་ཡི་ཡོད་པ་འདྲ་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག

ཀུ་རི་མ་གྲོང་ཚོར་ཁྱིམ་ཚང་༥༠་ཡོད་པ་རྣམས་དེའུ་འབུར་ཞིག་གི་སྒང་དུ་ཁྱབ་སྟེ་ཁྱིམ་ཚང་ཕན་ཚུན་བར་དུ་སྐར་མ་༥་ནས་༡༥་ཡས་མས་རེའི་རྐང་ཐང་གི་ལམ་ཐག་ལས་མེད་ཅིང་། གྲོང་ཚོ་དེར་བལ་ཡུལ་གྱི་རྒྱལ་ས་ནས་ཉི་མ་གཅིག་གི་རླངས་འཁོར་ལམ་དང་དེ་ནས་ཆུ་ཚོད་༤་ལ་རྐང་ཐང་དུ་བསྐྱོད་དགོས། ས་གནས་དེ་ཁ་ཁུ་སིམ་པོ་དང་ཞི་འཇགས་ཀྱི་གྲོང་ཚོ་ཞིག་ཡིན་འདུག ཁྱིམ་ཚང་ཕལ་མོ་ཆེར་འགྲུལ་ཁང་དང་ཐབ་ཚང་། ཉལ་ཁང་གཅིག་བཅས་ཡོད་པ་དང་ཁང་པའི་གཡས་གཡོན་དང་རྒྱབ་མདུན་དུ་ས་ཞིང་གདབ་ཀྱི་ཡོད་པར་མ་ཟད། ཁྱིམ་ཚང་ལ་ལས་སྒོ་ཕྱུགས་སྐྱོང་སྟེ་འབྲོག་ལས་གཉེར། གྲོང་གསེབ་པ་ཚོས་ཞིང་ལས་དང་འབྲོག་ལས་གཉེར་བ་དང་ཕན་ཚུན་ཐུག་འཕྲད་དུ་བསྐྱོད་ནས་དུས་འདའ། ས་གནས་དེར་བོད་བརྒྱུད་ཐེག་པ་ཆེན་པོའི་ཆོས་ལུགས་དར། དུས་རབས་༨་པ་ནས་ཀུ་རི་མའི་མི་མང་གི་ཉིན་རེའི་འཚོ་བ་ཆོས་དང་ཁ་མ་བྲལ། ཞོགས་པར་ཤར་པ་ཚོས་བསང་མཆོད་བྱེད་པ་དང་ཡོ་ནམ་སང་ཆོས་གླིང་དགོན་པའི་བླ་མ་ཤར་པ་སྤེན་པ་སང་གིས་ང་ཚོ་ཞོགས་པར་གཉིད་སད་པ་ན་ཇ་དང་བཟའ་བཅའ་དགོས་པ་ལྟར་ལྷ་སྲུང་རྣམས་ལའང་དེ་དག་མཁོ་ཞེས་བསྟན།།

༢༠༡༥་ལོར་བལ་ཡུལ་དུ་ས་འགུལ་མ་བརྒྱུགས་བར་དུ་གངས་འཛེག་གི་ཆེད་ལས་བསྒྲུབས་པའི་ཤར་པ་ནོར་བུས་ཤར་ཁུམ་བུའི་ཁུལ་དང་བལ་ཡུལ་གྱི་ས་གནས་གཞན་དུ་ཡུལ་སྐོར་སྤྲོ་འཆམ་པ་ཁྲིད། ཁོ་པས་གསར་འགོད་པར་ང་ཚོས་སྡིག་པ་བསངས་ཡོད་པར་བཤགས་སྡོམ་དང་ལམ་དུ་བར་ཆད་མེད་པར་ཤོག་ཅེས་ཉིན་ལྟར་གསོལ་འདེབས་བྱེད་ཀྱི་ཡོད། ང་ཚོས་གསོལ་མཆོད་བྱས་པའི་རྗེས་སུ་གནམ་ངོ་ཐང་ན་ཆོས་སྐྱོང་སྲུང་མ་རྣམས་མཉེས་པར་གྱུར་ཏེ་ལམ་དུ་བར་མེད་པའི་དན་རྟགས་མཚོན། གནམ་ངོ་འཐིབས་ནས་རླུང་འཚུབ་ལྡང་ན་སྣེ་ཤན་པ་ཚོས་རི་འཛེག་པ་རྣམས་རི་འདབས་སུ་ཁྲིད་ནས་གངས་རི་འཛེག་རྒྱུ་ཕྱིར་འཐེན་བྱེད་ཀྱི་རེད་ཅེས་ཉམས་མྱོང་རྣམས་བཤད། ཤར་ཁུམ་བུའི་ཁུལ་དུ་མི་དྲེད་ཡོད་པ་དང་མི་དྲེད་ཀྱིས་མིའི་ཀླད་པ་ཟ། མི་དྲེད་ནི་གཟུགས་ཚད་མི་དང་མཉམ་པ་ཞིག་རེད་ཟེར། འགའ་ཤས་ཀྱིས་སྔ་མོར་མི་དྲེད་ཀྱང་མི་རེད། རིམ་གྱིས་མི་རྒོད་དུ་གྱུར་པ་རེད་ཟེར་བ་དང་འགའ་ཤས་ཀྱིས་མི་རྒོད་ནི་ཡུལ་ལྷ་ཞིག་རེད་ཟེར་བ་སོགས་ཀྱི་གཏམ་རྒྱུད་མང་དུ་ཐོས། ཤར་པ་ཕོ་གསར་པ་སངས་ཞེས་པ་ཞིག་གིས་ཤར་པ་ཚོའི་སྲོལ་རྒྱུན་གྱི་ཁང་པའི་སྒོ་རྣམས་དམའ་མོ་དང་སྒེའུ་ཁུང་ཡང་ཆུང་ཆུང་རེད། དེ་ནི་མི་དྲེད་ནང་དུ་མི་ཐར་པའི་ཆེད་དུ་རེད་ཟེར་གྱི་འདུག་ཅེས་འགྲེལ་བཤད་བརྒྱབ་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG