ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

ནུབ་ཆིངས་རྒྱ་བསྐྱེད་དང་དེའི་ཤུགས་རྐྱེན།


བདུན་ཕྲག་འདིའི་རེས་གཟའ་ལྷག་པའི་ཉིན། ནུབ་རྒྱ་མཚོ་ཆེན་པོ་བྱང་མའི་སྤྱི་ཆིངས་སྒྲིག་འཛུགས་སམ་ཡོངས་གྲགས་སུ་ནུབ་ཆིངས་ཞེས་སུ་འབོད་ཅིང་། དབྱིན་ཡིག་གི་བསྡུས་མིང་ལ་(NATO)ཞེས་བྱ་བའི་དམག་དོན་འགོག་སྲུང་གི་སྒྲིག་འཛུགས་གང་དེའི་ལོ་འཁོར་ལྷན་ཚོགས་དེ་བཞིན་ཉིན་གྲངས་གཉིས་རིང་ལ་ལི་ཐེ་ཝེ་ནའི་རྒྱལ་ས་ཝེལ་ནེའུ་སི་ནས་སྐོང་འཚོགས་གནང་གྲུབ་འདུག། ལྷན་ཚོགས་ཀྱི་ངོས་ནས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་ལས། རྒྱ་ནག་གིས་ནུབ་ཆིངས་ཀྱི་ཁེ་ཕན་དང་བདེ་འཇགས། རིན་ཐང་ལྟ་གྲུབ་བཅས་ལ་མ་ལག་དང་ལྡན་པའི་ཐོག་ནས་འགྲན་སློང་བྱེད་བཞིན་པའི་ཐད་བསྐྱར་དུ་ནན་བརྗོད་བྱས་ཡོད་པ་དང་ཆབས་ཅིག །རྒྱ་གར་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་གྲོགས་ཚོ་དང་ལྷན་དུའང་གྲོས་མོལ་དང་མཉམ་འབྲེལ་བྱ་རྒྱུའི་ཐད་ལ་ཤུགས་སྣོན་བྱ་རྒྱུ་ཡིན་པ་བསྟན་འདུག།

རྐྱེན་དེ་ལ་བརྟེན་ནས་རྒྱ་ནག་ཁོང་ཁྲོ་ཆེན་པོ་ལངས་ཏེ་སྤྱི་བསྒྲགས་ཡི་གེ་དེ་ནི་གྲང་དམག་སྐབས་ཀྱི་བསམ་བློ་གཏོང་སྟངས་དང་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་རིས་ཀྱིས་ཁེངས་པ་ཞིག་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པར་མ་ཟད། ནུབ་ཆིངས་ཤར་ཕྱོགས་རྒྱ་གར་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་བསྐྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་བརྗོད་འདུག།

ད་ཐེངས་ཀྱི་ཨ་རིའི་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་ཀུན་གླེང་ལས་རིམ་དུ་ནུབ་ཆིངས་ཤར་ཕྱོགས་སུ་རྒྱ་བསྐྱེད་གཏང་དགོས་དོན་ཅི་ཡིན་དང་། དེའི་ཤུགས་རྐྱེན། རྒྱ་ནག་གིས་དེར་ལྟ་ཕྱོགས་ཅི་ཞིག་འཛིན་གྱི་ཡོད་མེད། ནུབ་ཆིངས་དང་རྒྱ་གར་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་དབར་མཉམ་ལས་བྱས་པ་དེས་རྒྱ་ནག་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་རྒྱུ་ཡིན་མིན་བཅས་ཀྱི་ཐད་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་རྡོ་རྗེ་ཚེ་བརྟན་ལགས་རྣམ་གཉིས་གདན་འདྲེན་ཞུས་ཏེ་དེ་དོན་བགྲོ་གླེང་ཁག་ཅིག་ཞུས་ཡོད།

ནུབ་ཆིངས་ནི་ཅི་ཞིག་ཡིན་ནམ། དེའི་ངོ་བོ་དང་བྱེད་ལས་ཀྱི་སྐོར།

གོང་དུ་ཞུས་པ་ལྟར་ནུབ་རྒྱ་མཚོ་ཆེན་པོ་བྱང་མའི་སྤྱི་ཆིངས་སྒྲིག་འཛུགས་སམ་ཡོངས་གྲགས་སུ་ནུབ་ཆིངས་དང་། བོད་ནང་རྒྱ་ནག་གཞུང་བཙུགས་སློབ་གྲྭའི་སློབ་དེབ་ནང་བྱང་ཆིངས་ཞེས་རྒྱ་སྐད་དུ་(北约)ཞེས་པའི་སྐད་དོད་ལས་ཡོང་ཞིང་། གཞན་ལ་བཙན་འཛུལ་བྱ་རྒྱུ་དམིགས་ཡུལ་དུ་མི་འཛིན་པར་དམག་དོན་འགོག་སྲུང་གཙོ་འདོན་བྱེད་མཁན་གྱི་དམག་དོན་སྒྲིག་འཛུགས་དེ་ག་དུས་བཙུགས་ཡོད་པ་དང་། ཅིའི་ཕྱིར་བཙུགས་པ། དེའི་ངོ་བོ་དང་བྱེད་ལས་ཅི་ཡིན་པ། ད་ལྟ་སྒྲིག་འཛུགས་དེའི་ཁོངས་སུ་རྒྱལ་ཁབ་ག་ཚོད་ཡོད་པ་བཅས་ངེས་དགོས་པ་གལ་འགངས་ཆེན་པོར་མཐོང་། གང་ལགས་ཞེ་ན། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཡུལ་གང་དང་དུས་གང་དུའང་། ནུབ་ཆིངས་ཀྱི་རྩ་དོན་དང་མི་མཐུན་པའི་འགྲེལ་བརྗོད་ཅིག་བྱས་དང་བྱེད་མུས་ཡིན་པས། བོད་ནང་ལ་རྒྱ་མིས་ལོག་འགྲེལ་དེའི་དབང་གིས་ནུབ་ཆིངས་ཟེར་དུས་ཨ་རིས་སྣེ་ཁྲིད་པའི་བཙན་རྒྱལ་རིང་ལུགས་ཀྱི་གཞན་ལ་བཙན་འཛུལ་དང་རྒྱ་བསྐྱེད་བྱེད་མཁན་གྱི་དམག་དོན་སྒྲིག་འཛུགས་ཤིག་ཏུ་གོ་མཁན་འདུག།

རྒྱུ་མཚན་དེའི་ཕྱིར་ན་མ་རྟོགས་པ་དང་ལོག་རྟོག་གི་གོ་ནོར་ལོག་འགྲེལ་དེ་སེལ་ཆེད་རྒན་རྡོ་རྗེ་ཚེ་བརྟན་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་གཉིས་ཆ་ཡུ་རོབ་ནས་བྱུང་བ་ཡིན་ཙང་། འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ཚར་བའི་རྗེས་སུ། ཡུ་རོབ་སྲུང་སྐྱོབ་བྱ་ཆེད་ཚོགས་པ་ཞིག་དགོས་ཀྱི་འདུག་ཅེས་གྲོས་འགོ་འདོན་མཁན་དེ་དབྱིན་ཇི་དང་ཧྥ་རན་གཉིས་རེད། ཐོག་མའི་དམིགས་ཡུལ་དེ་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་ཆེད་རེད། ཡིན་ནའང་། གྲོས་བསྡུར་བྱེད་ཀྱི་བྱེད་ཀྱི་འགྲོ་དུས། དབྱིན་ཇི་ནས་ཡིན་པའི་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་པོ་ཧེ་སི་ཐིང་སི་ཡེན་སི་མན་ལགས་ནས་སྐད་ཆ་བཤད་ཡོད་པ་དེ་ག་རེ་རེད་ཅེ་ན། ཨུ་རུ་སུ་ཡོང་མ་འཇུག། ཨ་རི་ཡོང་འཇུག། འཇར་མན་གྱི་མགོ་སྣོན་ཟེར། ཁོང་གི་འདོད་པར་ནུབ་ཆིངས་ཀྱི་དགོས་པ་དེ་ཚད་དེ་འདྲ་འདྲ་ཞིག་ཏུ་ངོས་འཛིན་གནང་འདུག། སྐབས་དེར་དམག་ཆེན་གཉིས་པ་མཇུག་སྒྲིལ་དུས་འཇར་མན་ཤར་ནུབ་གཉིས་ལ་བཏང་། དུམ་བུར་བཏང་ཡོད་ཀྱང་མགོ་སྣོན་དགོས་པ་གང་ཡང་ཡོད་བ་མ་རེད། ཡིན་ནའང་ཨུ་རུ་སུ་དམར་ཤོག་ཤར་ཡུ་རོབ་ལ་རྒྱ་བསྐྱེད་བྱས། རིམ་པས་ཡུ་རོབ་ཆ་ཚང་འཛིན་གྲབས་ཡོད་དུས། མཐར་ནུབ་ཆིངས་ཀྱི་དམིགས་ཡུལ་ཁོ་རང་ཨུ་རུ་སུའི་དམར་ཤོག་གི་བཙན་འཛུལ་དང་དབང་བསྒྱུར་དེ་འགོག་རྒྱུ་དེ་ཆགས་པ་རེད། ད་ལྟའི་བར་དེ་ལྟར་ཆགས་པ་རེད། ད་ལྟའི་བར་དུ་ལོ་ངོ་༧༤ འཁོར་གྱི་ཡོད་པ་རེད། འཛུགས་ཡའི་དུས་ཚོད་༡༩༤༩ ལོའི་ཟླ་བ་༤ པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ལ་བཙུགས་པ་རེད། ཐོག་མར་འཛུགས་མཁན་གྱི་གྲས་སུ་རྒྱལ་ཁབ་བཅུ་གཉིས་ཡོད་པ་རེད། ཨ་རི་དང་། ཁ་ན་ཊ། དབྱིན་ཇི། ཧྥ་རན་སི། བྷེ་ཇཱམ། ཌན་མཱ་སོགས་རྒྱལ་ཁབ་བཅུ་བཞི་ཡོད་བ་རེད། ད་ལྟ་རྒྱལ་ཁབ་༣༡ ཡོད་བ་རེད། ད་ལོར་གསར་པ་ཧྥེན་ལན་ཌི་ནང་ལ་འཛུལ་བ་རེད། ད་གང་མགྱོགས་མགྱོགས་སི་ཝེ་ཌན་འཇུག་གི་རེད། མ་འོངས་པར་ཡུག་ཀེ་རན་ཁས་ལེན་བྱས་ཡོད་བ་རེད། ད་གང་ལྟར་ལོ་རྗེས་མར་ལོ་༧༥ འཁོར་གྱི་ཡོད་པའི་ཚོགས་ཆེན་གྱི་མཛད་སྒོ་དེ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་འཚོག་གི་ཡོད་བ་རེད་ཅེས་གསུངས་གནང་སོང་།

བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་།
བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་།

ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨོ་གླིང་དང་ནེའུ་ཛི་ལན་ཌི་བཅས་ཨེ་ཤི་ཡའི་རྒྱལ་ཁབ་༤་ནུབ་ཆིངས་ཀྱི་ཚོགས་འདུར་ཞུགས་པའི་གལ་གནད།

ད་ལན་གྱི་ནུབ་ཆིངས་ལྷན་ཚོགས་མཇུལ་སྒྲིལ་རྗེས་སྤེལ་བའི་སྤྱི་བསྒྲགས་དེ་ལས། རྒྱ་གར་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་ཐད་འགྲེལ་བརྗོད་འདི་བཞིན་བྱས་ཡོད་དེ། རྒྱ་གར་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་ནི་ནུབ་ཆིངས་ལ་མཚོན་ན་ཤིན་ཏུ་གལ་འགངས་ཆེན་པོ་ཡིན། རྒྱུ་མཚན་ཅི་ལགས་ཞེ་ན། མངའ་ཁུལ་དེའི་གནས་སྟངས་ཅི་ཞིག་ཆགས་མིན་གྱིས་ཐད་ཀར་ཡུ་རོབ་དང་ནུབ་རྒྱ་མཚོ་ཆེན་པོའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་ཡིན་ཞེས་འཁོད་འདུག་ཅིང་། ནུབ་ཆིངས་ཀྱི་ངོས་ནས་མུ་མཐུད་ནས་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་གྲོགས་རྒྱལ་ཁབ་སྟེ། ཨོ་སི་ཁྲི་ལི་ཡ་དང་། ཉི་ཧོང་། ནེའུ་ཟེ་ལན་ཌི། ལྷོ་ཀོ་རི་ཡ་བཅས་དང་ལྷན་དུ་གྲོས་མོལ་དང་མཉམ་ལས་བྱ་རྒྱུ་ཡིན་པ་དང་། ང་ཚོས་སྔར་ལས་ལྷག་པར་ཕན་ཚུན་སྐད་ཆ་ཤོད་རེས་དང་མཉམ་ལས་བྱ་རྒྱུའི་ཐད་ཤུགས་སྣོན་གྱིས་དྲ་ལམ་གྱི་བདེ་འཇགས་དང་། ལག་རྩལ། ཁྱབ་ཁོངས་སྣ་ཚོགས་ཀྱི་འགྲན་སློང་ཐེ་བའི་ཐུན་མོང་གི་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་ཡིན་པར་མ་ཟད། རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞིར་གཞི་རྟེན་བཅོལ་བའི་རྒྱལ་སྤྱིའི་སྒྲིག་སྲོལ་གྱི་ཐུན་མོང་གི་ཁས་ལེན་ཁག་གི་རྨང་གཞིར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨོ་སི་ཁྲི་ལི་ཡ། ནེའུ་ཟེ་ལན་ཌི་བཅས་ཨེ་ཤེ་ཡའི་རྒྱལ་ཁབ་བཞི་པོ་ནུབ་ཆིངས་ཀྱི་ལྷན་ཚོགས་སུ་གདན་ཞུ་ལྟར་ཚོགས་བཅར་གནང་བ་ཐེངས་མ་གཉིས་པ་ཡིན་ཞིང་། དེའི་གལ་གནད་ཅི་ཡིན་གྱི་ཐད་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་བཀའ་འདྲི་ཞུས་ལེན་དུ། ཁོང་གིས་གོང་ནས་གསུངས་པ་ནང་བཞིན། ད་ལན་གྱི་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འདུ་དེའི་ལྟ་ས་གཙོ་བོ་དེ་ག་རེ་ཆགས་བསྡད་ཡོད་བ་རེད་ཅེས་ཞུ་ན། ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་པའི་དམག་འཐབ་དེའི་སྒང་ལ་སྐད་ཆ་ཤུགས་ཆེན་པོ་ཞིག་སླེབས་ཀྱི་ཡོད་བ་རེད། དོ་སྣང་བྱེད་ས་གཞན་ཞིག་དེ་ག་རེ་རེད་ཟེར་ན། རྒྱ་ནག་གི་གནོན་ཤུགས་དང་། འཛམ་བུ་གླིང་ནང་ལ་ཚད་ག་ཚོད་ཙམ་སླེབས་ཡོད་མེད་དེའི་སྒལ་ལ་ནུབ་ཆིངས་ཀྱི་ཚོགས་འདུའི་ནང་འཁྱེར་ཡོང་བ་དང་། དམིགས་བསལ་གྱི་རྒྱ་གར་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་བཞི། ཁོང་ཚོས་IP4 ཟེར་བ་དེ་རེད། རྒྱལ་ཁབ་བཞི་པོ་དེའི་དབུ་ཁྲིད་ཚོགས་འདུར་སླེབས་ནས་གཏམ་བཤད་གནང་ཡོད་བ་རེད། དོན་དག་གཙོ་བོ་དེ་རྒྱ་ནག་གིས་གོང་ཞུས་རྒྱལ་ཁབ་བཞི་པོ་དེ་ཙམ་མ་ཟད། ནུབ་ཆིངས་ཁོངས་ཀྱི་རྒྱལ་ཁབ་༣༡ པོ་དང་། འཛམ་གླིང་ཁྱོན་ཡོངས་ལ་བདེ་སྲུང་དང་གང་ཅིའི་ཐད་ནས་ཉེན་ཁ་ཞིག་བཟོ་ཡི་ཡོད་ཙང་། དེར་གདོང་ལེན་ཟེར་ནའང་མི་འདུག། དེ་གཙོ་བོ་བྱས་ནས་འཛོམས་བསྡད་པ་ཞིག་ཆགས་བསྡད་ཤག། དེ་དང་མཉམ་དུ་རྒྱལ་ཁབ་སོ་སོ་སོ་སོའི་བར་ལ་འབྲེལ་བ་བྱེད་དགོས་པ་མང་པོ་ཞིག་ཡོང་གི་ཡོད་བ་རེད། དེ་གས་མཉམ་དུ་བཀའ་མོལ་གནང་བ་དེ་འདྲ་ཞིག་ཆགས་བསྡད་ཤག། ད་གཙོ་བོ་གཙོ་བོ་དེ་འགྲེལ་བཤད་བརྒྱབ་བཞག་པ་དེ་འདྲ་ནང་ལ་བལྟས་ཡོང་དུས་ཙ་ན། རྒྱལ་སྤྱི་ཁྱོན་ཡོངས་ཀྱི་འགྲོ་ལུགས་ཤིག་ཡོད་པ་དེ་སྲུང་སྐྱོབ་བྱ་དགོས་པ་དེ་གཙོ་བོ་ཆགས་བྱས། ད་དཔེར་ཆ་བཞག་ན། ད་ལྟ་དེའི་ནང་ལ་ནུབ་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེའི་སྐད་ཆར་ཆ་བཞག་པ་ཡིན་ན། རྒྱལ་ཁབ་བཞི་པོ་དེའི་དབུ་ཁྲིད་རྣམས་ཕྱིར་ལོག་རྗེས། རྒྱ་གར་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ཀྱི་ཉེན་ཁ་དེ་གས་ཡུ་རོབ་དང་ནུབ་རྒྱ་མཚོ་ཆེན་པོའི་ཁུལ་ལའང་ཉེན་ཁ་བཟོ་གི་ཡོད་བ་རེད། དེ་འདྲ་བྱས་ནས་རྒྱལ་ཁབ་བཞི་པོའི་འགོ་ཁྲིད་དེ་དག་གདན་འདྲེན་ཞུས་པ་རེད་ཤག་ཅེས་གསུངས་སོང་།

ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་རྡོ་རྗེ་ཚེ་བརྟན་ལགས་།
ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་རྡོ་རྗེ་ཚེ་བརྟན་ལགས་།

སི་ཝེ་ཌེན་ནུབ་ཆིངས་ཁོངས་སུ་འཛུལ་ཞུགས་ཐུབ་པའི་དགེ་མཚན། དེའི་གནད་འགག་དང་ཏུར་ཀིའི་དགག་བྱ་ཕྱིར་འཐེན་གནང་དགོས་དོན།

དེ་བཞིན་སི་ཝེ་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་ཐུབ་པའི་གནད་འགག་དང་ཏུར་ཀིའི་དགག་བྱ་ཕྱིར་འཐེན་བྱས་དོན་ཅི་ཡིན། སི་ཝེ་ཌེན་གྱིས་ནུབ་ཆིངས་དམག་དོན་སྒྲིག་ལ་ལེགས་སྐྱེས་ཅི་ཞིག་འབུལ་ཐུབ་མིན་དང་། ནུབ་ཆིངས་ཁོངས་སུ་འཛུལ་ཞུགས་ཐུབ་པ་ཡིན་ན་སི་ཝེ་ཌེན་ལ་དགེ་མཚན་ཅི་ཞིག་ཡོད་མེད། སོགས་ཀྱི་ཐད་ལའང་རྒན་རྡོ་རྗེ་ཚེ་བརྟན་ལགས་སུ་བཀའ་འདྲི་ཁག་ཅིག་ཞུས་ཡོད། ད་ལོའི་ཁ་ཆེའི་Eidal ladha དུས་ཆེན་ཀྱི་སྐབས་སུ། ངོ་རྒོལ་བ་ཞིག་གིས་སི་ཝེ་ཌན་གྱི་སི་ཐོ་ཁེ་ཧོམ་Stockholm་ནས་ཁ་ཆེའི་གསུང་རབ་ཀོ་རན་ཞིག་མེ་བསྲེག་བཏང་ནས་ངོ་རྒོལ་བྱས་ཡོད་པའི་རྐྱེན་ལས། ཝེལ་ནེའུ་སིའི་Vilnius ལྷན་ཚོགས་སུ་སི་ཝེ་ཌན་ནུབ་ཆིངས་ཁོངས་སུ་ཞུགས་པར་ཏུར་ཀིའི་རྒྱབ་སྐྱོར་ཐོབ་རྒྱུ་དེ་སྔར་ལས་ཀྱང་ཁག་པོ་ཆགས་འདུག། ཅེས་བརྗོད་ཡོད་ཀྱང་ད་ལན་ཏུར་ཀིས་དགག་བྱ་ཕྱིར་འཐེན་གནང་ཡོད་པ་རེད།

ཀོ་རན་མེ་བསྲེག་བཏང་བའི་དོན་རྐྱེན་དེའི་སྐབས་སུ། ཏུར་ཀིའི་སྲིད་འཛིན་ཨར་རྡོ་ཧེན་གྱིས་བརྗོད་དོན། ངས་ཁེངས་དྲེགས་ཅན་གྱི་ནུབ་ཕྱོགས་མི་དམངས་ཚོར་ཞུ་འདོད་པ་ཞིག་ལ། མུ་སལ་མཱན་གྱི་བླ་ན་མེད་པའི་རིན་ཐང་ལ་མཚན་དམས་ཞུས་པ་ནི་སྨྲ་བརྗོད་རང་དབང་མ་ཡིན་ཞེས་དང་། ཁོང་གིས་ཀོ་རན་མེ་བསྲེག་བཏང་བའི་བྱ་སྤྱོད་ལ་ལན་འདེབས་ནན་མོ་བྱ་གི་ཡིན་ཞེས་བརྗོད་འདུག། ཡིན་ན་ཡང་དོ་སྣང་བྱ་འོས་པ་ཞིག་ལ། སྲིད་འཛིན་ཨར་རྡོ་ཧེན་གྱིས་སྔར་ནས་འཆར་གཞི་གཏིང་ཟིན་པའི་ཟླ་བ་བདུན་པའི་ཚེས་དྲུག་ཉིན་གྱི་ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དང་སི་ཝེ་ཌན། ཧྥན་ལན་བཅས་དབར་གྱི་གྲོས་མོལ་ལ་མཉམ་ཞུགས་བྱ་རྒྱུ་དེ་ཕྱི་འཐེན་མེད་པ་རེད། ད་ལོའི་ཟླ་བ་དང་པོའི་ནང་གནས་ཚུལ་དེའི་རིགས་བྱུང་དུས་ཁོང་གིས་ཟླ་བ་འགའ་ཤས་རིང་ལ་གྲོས་མོལ་ངང་འཐེན་བྱས་ཡོད་པ་རེད།

NATO Summit in Vilnius
NATO Summit in Vilnius

ད་ལན་གྱི་དོན་རྐྱེན་དེས་ཏུར་ཀིའི་ཁོང་ཁྲོ་འཇགས་ཐབས་སུ་སི་ཝེ་ཌན་གཞུང་འཛིན་གྱིས་ངོ་རྒོལ་གྱི་ལས་འགུལ་བཀག་སྡོམ་བྱེད་ཐབས་བྱས་ཡོད་ཅིང་། ཉེན་རྟོག་པས་ཀོ་རན་མི་བསྲེག་གཏོང་མཁན་གྱི་སྐྱེས་པ་དེར་རིགས་རྒྱུད་དབྱེ་འབྱེད་དང་མི་རིགས་དང་ཚོགས་སྡེ་བར་འགལ་ཟླ་སློང་མཁན་གྱི་ནག་ཉེས་བཙུགས་ཀྱང་། སི་ཐོ་ཁེ་ཧོམ་Stockholm་གཙུག་ལག་སློབ་གྲྭ་ཆེན་མོའི་ཏུར་ཀི་ཉམས་ཞིབ་ཁང་གི་འགན་འཛིན་ཕོལ་ལེ་ཝེན་Paul Levinལགས་ཀྱིས་ནག་ཉེས་གཞི་གྲུབ་མིན་ད་དུང་བརྟག་དཔྱད་གཏང་དགོས་ཀྱི་རེད། སི་ཝེ་ཌན་གྱི་ཁྲིམས་ལུགས་ཀྱི་ནང་ལ་མུ་སལ་མཱན་གྱི་གསུང་རབ་ཀོ་རན་མེ་བསྲེག་བཏང་བ་ནི་ཆོས་ལུགས་ལ་ང་རྒོལ་བྱེད་པའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་པ་ལས། ཆོས་ལུགས་པའི་ཚོགས་སྡེའི་ཞེ་འཁོན་ལ་ངན་སྐུལ་དཀྲུག་ཤིང་བྱེད་པའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད་པ་མ་རེད། ཅེས་བརྗོད་འདུག།

དེ་བཞིན་ཁོང་གིས་ད་དུང་འཇར་མན་རླུང་འཕྲིན་ཁང་ལ་བརྗོད་དོན་ལ། སི་ཝེ་ཌན་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་ཐད། ད་ལན་རྒྱབ་སྐྱོར་ཐོབ་པའི་ཚད་དེ་ལོ་རྒྱུས་ནང་ནས་ཚད་མཐོ་ཤོས་ཆགས་ཡོད་ཅིང་། ཉེ་ཆར་གྱི་མི་དམངས་འདོད་བློ་ཚོད་རྩིས་ལས་གསལ་བ་ལྟར་ན། མི་དམངས་བརྒྱ་ཆ་བརྒྱད་བཅུ་ལྷག་གིས་གལ་སྲིད་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་ཞུགས་པ་ཡིན་ན། སི་ཝེ་ཌན་གྱི་ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་བའི་རྩ་དོན་དང་རྩ་དོན་གཞན་ཁག་སྲུང་སྐྱོབ་ཡོང་ཐུབ་པར་འདོད་ཀྱི་ཡོད་པ་དང་། གལ་སྲིད་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱ་དགོས་བྱུང་ཚེ། རྩ་དོན་དེ་དག་ཀྱང་བློས་གཏོང་བྱ་དགོས་འཁེལ་གྱི་ཡོད་པ་རེད།

ད་ལོའི་ནུབ་ཆིངས་ཀྱི་ལྷན་ཚོགས་མ་འཚོགས་གོང་ལ་ཐ་ན་ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡེན་སི་ཐོ་ཐེན་བྷར་གྷི་Jens Stoltenberg ལགས་ཀྱིས་ཀྱང་། སི་ཝེ་ཌན་གྱིས་རྩ་དོན་དེ་དག་བློས་གཏོང་བྱ་མི་རུང་བའི་ངོས་འཛིན་གནང་གི་ཡོད་ཅིང་། ཁོང་སྒེར་ངོས་ནས་མུ་སལ་མཱན་གྱི་གསུང་རབ་ཀོ་རན་མེ་བསྲེག་གཏོང་བའི་བྱ་སྤྱོད་ལ་དགའ་པོ་མེད་ཀྱང་། བསམ་ཚུལ་མི་མཐུན་པའི་ཁེ་དབང་ལ་སྲུང་སྐྱོབ་བྱ་གི་ཡིན་ཞེས་གསུངས་ཡོད་པ་རེད། དེ་སྔར་སི་ཝེ་ཌན་ནུབ་ཆིངས་ཁོངས་སུ་མཉམ་ཞུགས་བྱ་རྒྱུའི་ཐད་ལ་འགལ་རྐྱེན་འཕྲད་རྒྱུ་ཡིན་མིན་ཐད་ནས་བཀའ་འདྲི་ཞུ་དུས་ཁོང་གིས་ངས་ཞུ་འདོད་པའི་སྐད་ཆ་དེ། སི་ཝེ་ཌན་གྱི་ངོས་ནས་སི་ཝེ་ཌན་དང་ཏུར་ཀི། ཧྥན་ལན་བཅས་ཀྱིས་ནུབ་ཆིངས་སྒྲིག་འཛུགས་ཀྱི་ལྷན་ཚོགས་སར་གྲོས་མོལ་བྱས་པའི་ནང་དོན་ཁག་ཐེ་བའི་འོས་འགན་ཆ་ཚང་བསྒྲུབས་སོང་། ཞེས་གསུངས་འདུག།

ཡིན་ན་ཡང་། གནད་དོན་དབྱེ་ཞིབ་པ་ཚོས། ད་ལྟའི་ཆར་སི་ཝེ་ཌན་ནུབ་ཆིངས་ཁོངས་སུ་ཞུགས་པར་ཏུར་ཀིས་སྤྱོད་ཚུལ་ཅི་ཞིག་འཛིན་མིན་དེ་སི་ཝེ་ཌན་ལ་རག་ལས་མེད་ཅིང་། སི་ཝེ་ཌན་གྱིས་བསྒྲུབ་འོས་པའི་དོན་དག་ཆ་ཚང་བསྒྲུབས་ཡོད་པས། མཐར་ཐུག་ཅི་ཞིག་ཆགས་མིན་དེ་ཨ་མེ་རི་ཀར་རག་ལས་ཀྱི་ཡོད་པ་རེད། སི་ཝེ་ཌན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་འབད་བརྩོན་དང་ཨ་རིས་ཏུར་ཀི་ལ་ F-16རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ཚོང་མཁོ་བྱ་རྒྱུའི་བར་ལ་འབྲེལ་བ་ཞིག་ཡོད་པའི་ཐད་མི་ཚོས་སྔ་ས་ནས་དོགས་པ་ཟ་གི་ཡོད་ཅིང་། ཝ་ཤིན་ཊོན་གྱི་ངོས་ནས་ཉེ་ཆར་གཞི་ནས་དངོས་སུ་དོན་དེར་རྒྱང་ཐག་གཅོད་ཀྱི་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད་འདུག།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སི་ཝེ་ཌན་ཁྲིམས་ཁང་གིས་ངོ་རྒོལ་དེའི་བྱེད་མི་ཆོག་པའི་ཐག་གཅོད་འཕྲི་སློག་བཏང་ཡོད་པའི་རྐྱེན་ལས། སི་ཝེ་ཌན་ཉེན་རྟོག་པའི་ཕྱོགས་ནས་སྨྲ་བརྗོད་རང་དབང་རྒྱུ་མཚན་དུ་བགྲངས་ནས་ངོ་རྒོལ་གྱི་ལས་འགུལ་དེ་ལ་ཆོག་མཆན་སྤྲད་ཡོད་པ་རེད། ད་ཐེངས་ཀྱི་བྱ་སྤྱོད་དེ་ཁ་ཆེ་ཆོས་ལུགས་མུ་སལ་མཱན་གྱི་དུས་ཆེན་ཞིག་གི་སྐབས་ལ་འཁེལ་གྱི་ཡོད་ཙང་། ཁ་ཆེ་ཆོས་ལུགས་ལ་དད་མོས་ཡོད་པའི་སྤྱི་ཚོགས་ནང་ཀོ་རན་མེ་བསྲེག་གཏོང་བའི་བྱ་སྤྱོད་དེ་ལ་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེ་བྱུང་ཡོད་པ་རེད།

ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེའི་གཏམ་བཤད་ནང་རྒྱ་ནག་ལ་ཉེན་བརྡ་བཏང་བ་དང་། རྒྱ་ནག་གི་དེར་རྣམ་འགྱུར་ཅི་ཞིག་བསྟན་ཡོད་མེད། ནུབ་ཆིངས་དང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དབར་གྲོས་མཐུན་ཅི་ཞིག་བྱུང་ཡོད་མེད།

ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡེན་སི་ཐོ་ཐེན་བྷར་གྷི་ (Jens Stoltenberg) ལགས་ཀྱིས་ཟླ་བ་༧ པའི་ཚེས་༡༠ ཉིན། ཕྱི་སྲིད་ལས་དོན་ཞེས་པའི་དུས་དེབ་ཐོག་རྩོམ་ཡིག་ཅིག་སྤེལ་ཡོད་པ་ལས། ཁོང་གིས་ཨེ་ཤེ་ཡའི་རྒྱལ་ཁབ་བཞི་པོའི་དབུ་ཁྲིད་ནུབ་ཆིངས་ལྷན་ཚོགས་སུ་གདན་ཞུ་གནང་དོན་ནི། ནུབ་ཆིངས་དེ་བཞིན་ཡུ་རོབ་དང་བྱང་ཨ་རིའི་ཁུལ་གྱི་མནའ་འབྲེལ་ཞིག་ཡིན་ཡང་། གོ་ལ་ཁྱོན་ཡོངས་ཀྱི་ཉེན་ཁར་གདོང་ལེན་གནང་དགོས་འཁེལ་གྱི་ཡོད་པ་རེད་ཅེས་དང་། ང་ཚོས་ངེས་པར་དུ་ང་རང་ཚོར་འཕྲད་བཞིན་པའི་བདེ་འཇགས་ཀྱི་ཉེན་ཁ་ལ་ཐུན་མོང་གི་ངོས་འཛིན་ཡོད་པར་མ་ཟད། ཐུན་མོང་གི་རྩོལ་བར་བརྟེན་ནས་ང་ཚོའི་སྤྱི་ཚོགས་དང་དཔལ་འབྱོར། དམངས་གཙོའི་རྐང་རྩ་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་བྱ་དགོས་པ་ཡིན་ཞེས་གསུངས་འདུག།

ཨེ་ཤེ་ཡའི་རྒྱལ་ཁབ་བཞི་པོའི་དབུ་ཁྲིད་རྣམས་ནུབ་ཆིངས་ཀྱི་ལྷན་ཚོགས་ཐོག་གདན་ཞུ་གནང་ཡོད་པ་ལས་གཞན། ༢༠༢༠ ལོ་ནས་བཟུང་རྒྱ་གར་བཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་དེ་དག་གི་ཕྱི་སྲིད་བློན་ཆེན་དང་ནུབ་ཆིངས་ཁོངས་ཀྱི་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་བར་ཕན་ཚུན་བསམ་ཚུལ་བརྗེ་རེས་གནང་མྱོང་ཡོད་པར་མ་ཟད། ཕྱོགས་གཉིས་ཀའི་རྒྱལ་སྲུང་དཔོན་པོའི་བར་ལའང་དེ་བཞིན་དུ་ཕན་ཚུན་བར་གྲོས་མོལ་གནང་ཡོད་པ་རེད། ནུབ་ཆིངས་སྒྲིག་འཛུགས་ཀྱི་དགོངས་དོན་ལྟར་ན། ཕན་ཚུན་བསམ་ཚུལ་བརྗེ་རེས་དང་སྐད་ཆ་ཤོད་པ་དེ་བཞིན་ནུབ་ཆིངས་དང་མཐུན་གྲོགས་ཚོའི་བར་ནུབ་རྒྱ་མཚོ་ཆེན་པོ་ལས་བརྒལ་བའི་རྒྱ་གར་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་གནས་སྟངས་དང་ཕན་ཚུན་ཤེས་རྟོགས་ཉམས་སྣང་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ཅིང་། ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་པ་དང་། གོ་ལའི་ཁྱོན་ཡོངས་ཀྱི་སྟོབས་ཤུགས་དོ་མི་སྙོམས་པ་ཆགས་པ། རྒྱ་ནག་ཡར་རྒྱས་ཕྱིན་པ། ཀོ་རི་ཡ་ཕྱེད་གླིང་གི་བདེ་འཇགས་གནས་སྟངས་བཅས་ཐེ་བའི་གནད་དོན་ཁག་ལ་ཡང་དེ་བཞིན་ཤེས་ཚོར་ཉམས་སྣང་ཡོང་གི་ཡོད་པ་རེད།

ནུབ་ཆིངས་ལ་མཚོན་ན། རྒྱ་ནག་ནི་ནུབ་ཆིངས་ཀྱིས་ངེས་པར་དུ་གདོང་ལེན་བྱ་དགོས་པའི་གོ་ལའི་ཁྱོན་ཡོངས་ཀྱི་འཐབ་ཇུས་ནང་གི་ཆ་ཤས་ཤིག་ཡིན་པ་རེད། ཝེལ་ནེའུ་སིར་སྐོང་འཚོགས་གནང་བའི་ནུབ་ཆིངས་ལྷན་ཚོགས་ཀྱི་སྤྱི་བསྒྲགས་ཡི་གེ་དེར་ཚན་པ་༩༠ ཡོད་པ་ལས། རྒྱ་ནག་གི་སྐོར་ལ་ཚན་པ་༥ ཡོད་ཅིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་གྱི་ཧམ་སེམས་ཡོངས་སུ་གྲགས་པ་དེ་དང་། བཙན་ཤེད་ཀྱི་སྲིད་ཇུས་ཀྱིས་ང་ཚོའི་ཁེ་ཕན་དང་། བདེ་འཇགས། རིན་ཐང་ལྟ་གྲུབ་བཅས་ལ་འགྲན་སློང་བྱས་སོང་། ཞེས་བརྗོད་ཡོད་ཀྱང་། དེ་ནི་ནུབ་ཆིངས་ཀྱིས་རྒྱ་ནག་སྐོར་དེ་བཞིན་སྤྲོས་བརྗོད་བྱས་པ་ཐོག་མ་དེ་མ་རེད། ༢༠༢༢ ལོར་ནུབ་ཆིངས་ཀྱིས་མ་འོངས་པའི་འཕེལ་རྒྱས་ཐད་ཀྱི་རྩ་འཛིན་ཡིག་ཆ་ཞིག་ལས། འཐབ་ཇུས་གོ་དོན་གསར་པ་ཞེས་པ་ཞིག་གི་ནང་པེ་ཅིང་གིས་ནུབ་ཆིངས་ཀྱི་བདེ་འཇགས་དང་། ཁེ་ཕན། རིན་ཐང་ལྟ་གྲུབ་བཅས་ལ་ཉེན་ཁ་བཟོ་ཡི་ཡོད་པ་འཁོད་འདུག།

སྤྱི་བསྒྲགས་ཡི་གེ་ལས། རྒྱ་ནག་གིས་སྲིད་དོན་དང་། དཔལ་འབྱོར། དམག་དོན་གྱི་ལག་ཆ་སྤྱད་དེ་ཁྱབ་རྒྱ་ཆེན་པོའི་སྒོ་ནས་གོ་ལའི་ཁྱོན་ཡོངས་ལ་ཤུགས་རྐྱེན་སྤེལ་ཐབས་དང་། དབང་ཤེད་རྒྱས་ཐབས་བྱེད་བཞིན་པ་དང་དུས་མཚུངས་སུ། འཐབ་ཇུས་དང་དམིགས་ཡུལ། དམག་དོན་འཛུགས་སྐྲུན་བཅས་ཀྱི་ཐད་ཕྱི་གསལ་ནང་གསལ་མེད་པ་རེད་ཅེས་འཁོད་ཡོད་པ་དང་། རྒྱ་ནག་གིས་བསམ་བཞིན་དུ་ཉ་དང་ཉོག་མ་མཉམ་བསྲེས་བྱས་པ་དང་། དྲ་ལམ་གྱི་བྱ་སྤྱོད་སྤེལ་ཏེ་སྨྲ་བརྗོད་རང་དབང་ལ་རྡོག་བརྫིས་བཏང་བ་དང་ཆ་འཕྲིན་རྫུན་མས་མནའ་འབྲེལ་རྒྱལ་ཁབ་ཁག་ལ་གཏོར་སྐྱོན་གཏོང་གིན་ཡོད་པར་མ་ཟད་མནའ་འབྲེལ་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་པ་རེད།

རྒྱ་ནག་གིས་ལག་རྩལ་གནད་འགག་ཡོད་པ་རྣམས་དང་། བཟོ་ལས་ཀྱི་སྡེ་ཚན་དང་། གལ་གནད་ཅན་གྱི་རྨང་གཞིའི་འཛུགས་སྐྲུན། འཐབ་ཇུས་ཀྱི་རྒྱུ་ཆ། མཁོ་འདོན་རྒྱུན་ཐག་བཅས་ལ་སྟངས་འཛིན་བྱེད་ཐབས་བྱེད་བཞིན་འདུག། རྒྱ་ནག་གིས་དཔལ་འབྱོར་གྱི་དབྱུག་པར་བརྟེན་ནས་འཐབ་ཇུས་ཀྱི་རྒྱབ་སྙེ་སའི་སྔས་འབོལ་བཙལ་ནས་ཤུགས་རྐྱེན་རྒྱས་ཐབས་བྱེད་བཞིན་པ་རེད། མཁའ་དབྱིངས་དང་དྲ་རྒྱ། རྒྱ་མཚོའི་ཁྱབ་ཁོངས་ཐེ་བའི་རྒྱལ་སྤྱིའི་སྒྲིལ་སྲོལ་ལ་དོ་ཕོག་གཏོང་བཞིན་པ་རེད། དེ་ལས་ད་དུང་སྤྱི་བསྒྲགས་དེ་ལས་འཁོད་གསལ་ལ། རྒྱ་ནག་དང་ཨུ་རུ་སུ་གཉིས་དབར་འཐབ་ཇུས་ཐོག་གི་འབྲེལ་ལམ་སྔར་ལས་ལྷག་པར་གཏིང་ཇེ་ཟབ་ཏུ་བཏང་བ་དེ་བཞིན་རྒྱལ་སྤྱིའི་སྒྲིག་སྲོལ་ལ་གཏོར་བརླག་གཏོང་བ་དམིགས་ཡུལ་དུ་བཟུང་ཡོད་ཅིང་། ནུབ་ཆིངས་ཀྱི་རིན་ཐང་ལྟ་ཚུལ་དང་རྒྱབ་འགལ་ཆགས་ཡོད་པ་རེད། ཅེས་དང་། དེ་བཞིན་རྒྱ་ནག་གིས་གསང་བའི་སྒོ་ནས་རྡུལ་ཕྲན་མཚོན་ཆ་རྒྱ་བསྐྱེད་བྱེད་བཞིན་པ་མ་ཟད་སྣ་མང་སྣེ་འཛོམས་ཅན་དུའང་གཏོང་བཞིན་པར་སྐྱོན་བརྗོད་བྱས་འདུག།

ནུབ་ཆིངས་ཀྱི་སྤྱི་བསྒྲགས་དེའི་ནང་རྒྱ་ནག་གིས་ཁེ་ཕན་གྱི་ལྟེ་བར་ངོས་འཛིན་བྱེད་བཞིན་པའི་ཐེ་ཝན་གྱི་གནད་དོན་ཐད་ལ་གླེང་སློང་གང་ཡང་བྱས་མེད་ཀྱང་། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡེན་སི་ཐོ་ཐེན་བྷར་གྷི་ལགས་ཀྱིས་ཟླ་བ་༧ པའི་ཚེས་༡༢ ཉིན་གྱི་གསར་འགོད་ལྷན་ཚོགས་སུ་རྒྱ་ནག་གིས་ཐེ་ཝན་ལ་ཉེན་ཁ་བཟོ་བཞིན་ཡོད་པ་བརྗོད་ཡོད་པ་དང་། དོན་དམ་ལ་ཐེ་ཝན་གྱི་གནད་དོན་གྱིས་ནུབ་ཆིངས་ནང་ཁུལ་ལ་ལྟ་ཚུལ་ཐ་དད་འབྱུང་གཞིའི་རྐྱེན་རྩ་ཆགས་སྲིད་པ་རེད་ཅེས་གནད་དོན་དབྱེ་ཞིབ་པ་ཚོས་ཐུགས་བྲེལ་ཡང་གནང་གི་འདུག།

གོང་འཁོད་གནད་དོན་དེ་དག་དང་འབྲེལ་ནས་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་རྒྱ་ནག་གིས་ནུབ་ཆིངས་ཀྱི་ཚོགས་འདུ་དང་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེའི་གཏམ་བཤད་ལ་རྣམ་འགྱུར་ག་རེ་བསྟན་ཡོད་མེད། ནུབ་ཆིངས་ཀྱི་ཚོགས་འདུའི་ཐོག་ཏུ་ཐེ་ཝན་ཞེས་དངོས་སུ་མིང་འབོད་བྱས་པ་དང་། ནུབ་ཆིངས་ཀྱི་ཁ་ཕྱོགས་ཡུ་རོབ་ནས་ཨེ་ཤི་ཡར་སྒྱུར་གྱི་ཡོད་པ་ཐེ་ཝན་ལ་འབྲེལ་བ་ཅི་ཙམ་ཆགས་ཀྱི་ཡོད་མེད། སོགས་ཀྱི་ཐད་དང་། དེ་བཞིན་ཚུལ་ཁྲིམས་རྒྱ་མཚོ་ལགས་ནི་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཙམ་མ་ཟད། རྒྱུན་དུ་ནས་བོད་དོན་དང་རྒྱ་ནག་གི་གནད་དོན་སྐོར་ལ་ཐུགས་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་པའི་ཆ་ནས་ནུབ་ཆིངས་དང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གྲོས་མཐུན་ཅི་བྱུང་། འདས་པའི་ལོ་གཅིག་ལྷག་གི་ཡུཀ་རེན་གྱི་དམག་འཁྲུག་གི་ཉམས་མྱོང་ལ་གཞིགས་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཆུང་དུ་ཕྱིན་ཡོད་མེད་སོགས་ཀྱི་ཐད་ལའང་བཀའ་འདྲི་ཞུས་ཡོད་ཀྱང་། དུས་ཚོད་ཀྱི་དབང་གིས་ལན་འདེབས་ཞིབ་ཅིང་ཕྲ་བ་གནང་ལོང་མ་བྱུང་ཡང་། གནས་ཚུལ་མདོར་བསྡུས་ཁ་གསལ་གོ་བདེ་ཞིག་གནང་བྱུང་བས་ཅིས་ཀྱང་གསན་འཚལ།

ཡུག་ཀེ་རན་ནུབ་ཆིངས་ཁོངས་སུ་མ་ཚུད་པའི་རྒྱུ་མཚན་ཅི་ཡིན་ནམ།

ལོན་ཌོན་གཙུག་ལག་སློབ་གྲྭ་ཆེན་མོའི་ཨ་རིའི་སྲིད་དོན་སྡེ་ཚན་གྱི་མཉམ་འབྲེལ་འགན་འཛིན་ལྗུའུ་ལི་ནོར་མན་Julie Norman ལགས་ཀྱིས་གསུངས་དོན་ལ། ཁྱབ་ཁོངས་འདིའི་ཐད་ནས་ཨ་མེ་རི་ཀས་ནུབ་ཆིངས་སྒྲིག་འཛུགས་ཁོངས་ཀྱི་རྒྱལ་ཁབ་གཞན་ལས་ཡིད་གཉིས་ཐེ་ཚོམ་ཆེན་པོ་སྐྱེ་གི་ཡོད་པ་རེད། ཚོགས་འདུ་དངོས་སུ་སྐོང་འཚོག་མ་གནང་བའི་སྔོན་ལ་ཨ་རི་དང་དབྱིན་ཇི་གཉིས་ཀྱིས་དབྱིན་ཇིའི་ལངས་ཕྱོགས་ཅི་ཡིན་སྐོར་ནས་ཡོངས་གྲགས་མིན་པའི་ནང་མོལ་གྱི་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་པ་རེད། ཨ་རི་དང་དབྱིན་ཇི་གཉིས་ནི་ཡུག་ཀེ་རན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། དེ་གཉིས་བར་ལ་མི་འདྲ་ས་གཙོ་བོ་དེ་དབྱིན་ཇིས་དམག་དོན་གྱི་ཁས་ལེན་གྱི་ཐོག་ནས་ཚད་ངེས་ཅན་ཞིག་ནས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཐུབ་པ་ཡོད་པར་མ་ཟད། ཨ་རིའི་བྷ་ཌན་འཛིན་སྐྱོང་གཞུང་ལ་ཡུག་ཀེ་རན་ལ་ལྕགས་ཁྲབ་འཁོར་ལོ་མཁོ་སྤྲོད་བྱ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ F-16 རྟགས་ཅན་གྱི་དམག་འཐབ་གནམ་གྲུ་མཁོ་འདོན་གྱི་ཐད་ལ་སྐུལ་མ་གནང་ཐུབ་ཡོད་པ་རེད་ཅེས་ལྗུའུ་ལི་ནོར་མན་Julie Norman ལགས་ནས་གསུངས་འདུག།

ཨ་མེ་རི་ཀའི་སྲིད་འཛིན་བྷ་ཌན་མཆོག་ནི་ཡུག་ཀེ་རན་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་མགྱོགས་པོར་འཛུལ་ཞུགས་བྱ་རྒྱུར་འདོད་མོས་མེད་མཁན་ཆེ་ཤོས་དེ་ཡིན་ཞིང་། གལ་སྲིད་ཡུག་ཀེ་རན་གྱིས་ཨུ་རུ་སུ་མཉམ་དུ་འགལ་ཟླ་གང་ཡོད་པ་ཐབས་ཅད་འགྲིག་འཇགས་བྱུང་བ་ཡིན་ན་ནུབ་ཆིངས་ཁོངས་སུ་འཕྲལ་དུ་འཛུལ་ཞུགས་བྱ་ཆོག་གི་ཡོད་པ་རེད། ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་གིས་གསུངས་དོན་ལ། ཡུག་ཀེ་རན་གྱིས་ད་ཡོད་ཀྱི་གནས་སྟངས་ལ་བཅོས་བསྒྱུར་བྱས་པ་ཡིན་ན་ད་གཟོད་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་འཛུལ་ཞུགས་བྱ་རྒྱུའི་ཆ་རྐྱེན་ཚང་གི་ཡོད་པ་རེད་ཅེས་དང་། སྤྱི་ཟླ་དྲུག་པའི་ནང་ཁོང་གིས་ཀི་ཝུའི་གནད་དོན་ལས་སླ་པོ་ཆགས་འཇུག་གི་མིན་ཞེས་ཀྱང་གསུངས་ཡོད་པ་རེད། ཨ་རིའི་སྲིད་འཛིན་གྱི་དགོངས་དོན་ལ་ཡུག་ཀེ་རན་འཕྲལ་དུ་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁོངས་སུ་འཛུལ་ཞུགས་བྱ་བཅུག་པ་ཡིན་ན། རྡུལ་ཕྲན་གོ་མཚོན་ལྡན་པའི་ཨུ་རུ་སུ་དང་ཁར་ཐུག་འགལ་ཟླ་ཆགས་རྒྱུ་ཡིན་པས་དགོངས་པ་ཆེ་བཞེས་གནང་གི་ཡོད་པ་ཁོང་གི་ཕྱག་རོགས་ཀྱིས་གསུངས་ཡོད་པ་རེད།

སྲིད་འཛིན་གྱི་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་སློབ་སྟོན་པ་ཇཱ་ཁེ་སུ་ལི་ཝན་Jake Sullivan ལགས་ཀྱིས་གསར་འགོད་ལྷན་ཚོགས་སུ་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པའི་དྲི་བ་ལ་ལན་འདེབས་གནང་དུས་ང་ཚོས་འཛམ་གླིང་འཁྲུག་ཆེན་ཐེངས་གསུམ་པ་ལངས་འདོད་མེད་ཅེས་གསུངས་ཡོད་པ་དང་། སྲིད་འཛིན་བྷ་ཌན་མཆོག་གིས་གནད་དོན་དབྱེ་ཞིབ་ཚོར་མགོ་བོ་རྨོངས་གཞིའི་ཕྱག་ལས་གནང་འདོད་མེད་པ་རེད། ཡུག་ཀེ་རན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཟུར་པ་དང་། ད་ལྟ་ནུབ་རྒྱ་མཚོ་ཆེན་མོའི་ལས་འཛིན་ལྷན་ཚོགས་ཀྱི་ཡུ་རོབ་དང་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་ཇཱོན་ཝར་བྷུ་སི་ཊི་John Herbst ལགས་ཀྱིས་གཞུང་གི་ངོས་ནས་གནད་དོན་འགག་རྩ་ཅན་དེའི་ཐོག་ལ་ནུས་པ་བཏོན་མ་སོང་ཞེས་སྐྱོན་བརྗོད་གནང་ཡོད་པ་རེད། ཁོང་གིས་ཨ་རིའི་རླུང་འཕྲིན་ཁང་ལ། ལོ་རྒྱུས་ངོ་བོ་ལྡན་པའི་དུས་ཚོད་གཉེན་འཕྲང་ཅན་དེ་འདྲའི་སྐབས་ལ། གཞུང་གི་ངོས་ནས་ཡུག་ཀེ་རན་ལ་ཕམ་ཁ་ཁུར་འཇུག་གི་མིན་པའི་ཁས་ལེན་གནང་ཡོད་བཞིན་དུ་ཡུག་ཀེ་རན་ཉེན་ཁ་ལས་སྐྱོབ་པའི་ཁ་ཡོད་ལག་ཡོད་ཀྱི་ལས་ཀའི་ཐོག་ལ་ཡིད་གཉིས་ཐེ་ཚོམ་སྐྱེ་དགོས་དོན་ག་རེ་རེད་ཅེས་གསུངས་འདུག།

བསམ་བློ་གཏང་དགོས་པའི་རྒྱུ་རྐྱེན་རྩ་བ་དེ་སྒྲིག་འཛུགས་དེ་དང་ཨུ་རུ་སུའི་བར་དུ་འགལ་ཟླ་ཆགས་སྲིད་པ་དེ་རེད། ཨ་མེ་རི་ཀ་ནི་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཀ་བ་ལྟ་བུ་ཡིན་པའི་ཆ་ནས་གལ་སྲིད་ཨུ་རུ་སུ་མཉམ་དུ་ཐད་ཀར་དམག་འཁྲུག་ལངས་ཚེ་ཨ་རིས་དམག་མི་འབོར་ཆེན་བཏང་ནས་འཐབ་འཁྲུག་ནང་མཉམ་ཞུགས་མི་བྱེད་རང་བྱེད་ཆགས་ཀྱི་རེད། དེ་བས་སྲིད་འཛིན་བྷ་ཌན་མཆོག་གིས་ཁོང་གིས་དེ་ལྟར་གནང་རྒྱུ་མིན་སྐོར་ཡང་ནས་བསྐྱར་དུ་ཁས་ལེན་གནང་ཡོད་པ་རེད།

ཝིལ་ནིའུ་སི་ལྷན་ཚོགས་འགོ་འཛུགས་མ་བྱས་གོང་གི་ཉིན་འགའ་ཤས་ཀྱི་སྔོན་ལ། ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་༣༡་གིས་ཡུག་ཀེ་རན་ནུབ་ཆིངས་ཁོངས་སུ་འཛུལ་ཞུགས་བྱ་རྒྱུའི་སྐོར་གྱི་ནང་ཁུལ་འགྲིག་འཇགས་ཀྱི་སྤྱི་བསྒྲགས་ཡི་གེ་ཞིག་གི་མཐའ་མའི་བརྗོད་བྱ་རྒྱག་སྟངས་ཐད་ལ་བགྲོ་གླེང་གནང་བཞིན་ཡོད་པ་དང་། སྤྱི་བསྒྲགས་ཡི་གེ་དེ་ལས་ཡུག་ཀེ་རན་ནུབ་ཆིངས་སྒྲིག་འཛུགས་ཁོངས་མི་ཆགས་རྒྱུར་ཧ་ཅང་ཐག་ཉེ་པོ་ཆགས་ཡོད་ཀྱང་། འཕྲལ་དུ་ཚོགས་ཁོངས་སུ་འཇུག་རྒྱུའི་ཁས་ལེན་གནང་མེད་པ་རེད།

ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁབ་དྲུང་ཡིག་ཡཱན་སི་ཐོག་ཊི་བྷར་གྷི་ལགས་ཀྱིས་བདུན་ཕྲག་གོང་མའི་རེས་གཟའ་པ་སངས་ཀྱི་ཉིན་ལ། བྷུ་རཱ་སེལ་སི་Brussels ནས་སྤེལ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག། ངས་ཚོད་དཔག་བྱས་པ་ལྟར་ན། མནའ་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པས་ཡུག་ཀེ་རན་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་ཁོངས་སུ་འཛུལ་ཞུགས་བྱ་རྒྱུའི་ཐད་བསྐྱར་དུ་ཞིབ་འཇུག་བྱ་རྒྱུ་ཡིན་པར་མ་ཟད། མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་ཡུག་ཀེ་རན་གྱི་དམིགས་ཡུལ་འགྲུབ་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡིན་ཞེས་གསུངས་ཡོད་པ་རེད།

དེ་སྔོན་ཧྥ་རན་སིའི་སྲིད་འཛིན་མཱ་ཁེ་རོང་གིས་ནུབ་ཆིངས་ཀྱི་ཀླད་པ་འགག་ཚར་བ་རེད་ཅེས་སྐྱོན་བརྗོད་ཀྱང་བྱས་མྱོང་ཡོད་ཀྱང་། ༢༠༢༢ ལོའི་ཟླ་༢ པར་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་པ་ནས་བཟུང་ནུབ་ཆིངས་ཀྱི་གལ་མཐོང་བསྐྱར་དུ་ཆེ་རུ་ཕྱིན་ཡོད་པ་རེད། ༢༠༠༧ ལོར་ནུབ་ཆིངས་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་མཐའ་རྔ་མར་ཡུག་ཀེ་རན་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཆགས་ཐུབ་ཀྱི་རེད་ཅེས་གསུངས་མྱོང་ཡོད་ཅིང་། ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་མཆོག་གིས་ཀྱང་ནན་ཞུ་ཧུར་ཐག་ཞུས་གནང་ཡོད་ཀྱང་། ད་ཕན་ནུབ་ཆིངས་ཀྱིས་ངོས་ནས་དམིགས་ས་ལ་སླེབས་ཐུབ་པའི་དོན་ཕན་ལྡན་པའི་འཆར་གཞི་གང་ཡང་དོན་ཐོག་ཏུ་འཁྱོལ་ཐུབ་མེད་པ་རེད།

འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་གྱི་དམག་འཁྲུག་ལངས་པ་ཚུན་ཆད་དེའི་ཐད་རྩོམ་ཡིག་མང་པོ་བྲིས་ཡོད་པས། ཨུ་ཡུག་དམག་འཁྲུག་གི་ཐད་ནས་རྒྱུས་མངའ་ཆེན་པོ་ཡོད་པས་ད་ལན་གྱི་ལྷན་ཚོགས་དེ་ལས་ཡུག་ཀེ་རན་ནུབ་ཆིངས་ཁོངས་སུ་མ་ཚུད་དོན་དང་། ནུབ་ཆིངས་སྒྲིག་འཛུགས་ལས་ཡུག་ཀེ་རེན་ལ་ཁས་ལེན་ཅི་ཞིག་ཐོབ་ཡོད་མེད་བཅས་ཀྱི་ཐད་ལའང་དྲི་བ་ཁག་ཅིག་ཞུས་ཡོད་ཀྱང་། འདིར་དུས་ཚོད་དང་ཡིག་ཚོགས་ལ་འཇིགས་ཏེ་མ་བཀོད་ཅིང་། བཅར་འདྲི་དངོས་དང་དེའི་ཐད་ཀྱི་ཁོང་གི་རྩོམ་ཡིག་ཁག་ལ་གཟིགས་འཚལ་ཞེས་ཀྱང་ཞུའོ།།

XS
SM
MD
LG