ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

༧གོང་ས་མཆོག་ནས་བལ་ཡུལ་ནང་ས་ཡོམ་གྱིས་གོད་ཆགས་ཕོག་པ་རྣམས་ལ་ཐུགས་གསོའི་གསུང་འཕྲིན།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་མོ་མཆོག་གིས་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་བལ་ཡུལ་གྱི་སྲིད་བློན་ པུ་ཤུ་པཱལ་ ཀཱ་མལ་ མཆོག་གི་མཚན་ཐོག་ཏུ་ཉེ་ལམ་ཟླ་བ་འདིའི་ཚེས་ ༣ ཉིན་བལ་ཡུལ་གྱི་རྫོང་ཁག་གཉིས་ཀྱི་ནང་ས་ཡོམ་བརྒྱབ་ནས་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ་དང་རྨས་པ། སྡོད་ཁང་ལ་གནོད་སྐྱོན་ཕོག་པ་རྣམས་ལ་མགོན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པ་དང་། དེའི་ནང་དོན་དང་འབྲེལ་བའི་སྐོར་ལ་འདི་ག་གསར་འགོད་པས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་སྤྱིར་གནོད་འཚེ་ཕོག་མཁན་གྱི་ཡུལ་མི་ཚོར་བལ་ཡུལ་གཞུང་ནས་རོགས་སྐྱོར་གནང་མུས་ཡིན་ན་ཡང་༧གོང་ས་མཆོག་གིས་བོད་རྒྱལ་ཁབ་དང་མི་མང་རྣམས་ཀྱི་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་ཏཱ་ལའི་བླ་མའི་ཐེབས་རྩ་ནས་བལ་ཡུལ་གཞུང་དང་ཡང་ན་ཚོགས་པ་ཁག་གང་རུང་བརྒྱུད་རོགས་དངུལ་གནང་ཐབས་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་གཙོ་བོ་ནི་བལ་ཡུལ་གྱི་ཇཱ་ཇཱར་ཀོཊ་རྫོང་དང་། ནུབ་རུ་ཀུམ་རྫོང་གཉིས་གཙོ་བོ་གྱུར་བའི་རྫོང་ཁག་དགུའི་ནང་དུ་གནོད་སྐྱོན་ཕོག་ཡོད་པ་དང་། དེ་ཡང་ཚེས་ ༣ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༡ དང་སྐར་མ་ ༤༧ ཙམ་ལ་ས་ཡོམ་འགུལ་ཚད་ ༦་དང་༤ བརྒྱབས་ཏེ། ད་ལྟའི་ཆར་ཡུལ་མི་ ༡༥༧ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། སྡོད་ཁང་༨༠༠༠ ལྷག་ལ་གནོད་འཚེ་ཕོག་ཡོད་པ་རེད་འདུག དེ་ནི་སྤྱི་ལོ་ ༢༠༡༥ སྤྱི་ཟླ་ ༤ ནང་ས་ཡོམ་འགུལ་ཚད་ ༧ དང་ཚེག་ ༨ བརྒྱབ་ཏེ། མི་ ༩༠༠༠ ལྷག་འདས་གྲོངས་སུ་ཕྱིན་པ་ཡོད་པ་དང་། ཁང་པ་འབུམ་ ༨ ལྷག་ལ་གནོད་སྐྱོན་ཕོག་ཡོད་པའི་རྗེས་ཀྱི་ས་ཡོམ་གྱི་གོད་ཆགས་དེ་ཡིན་པ་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་ཡོད་པ་རེད།

XS
SM
MD
LG