ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༠༨

༧གོང་ས་མཆོག་ནས་ཨ་རི་རླུང་འཕྲིན་ཁང་ལ་སྩལ་བའི་གསུང་འཕྲིན།


༄༅།། ཨ་རིའི་རླུང་འཕྲིན་ཁང་དབུ་བརྙས་ནས་ལོ་༨༠་ཐམ་པ་འཁོར་བའི་དུས་ཚིགས་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གསུང་འཕྲིན་སྩལ་འདུག

ཨ་རིའི་རླུང་འཕྲིན་ཁང་ནི་༡༩༤༢་ལོར་འཛམ་གླིང་ཡོངས་ལ་འཁྱོག་བརྗོད་དྲིལ་བསྒྲགས་བྱུང་བའི་སྐབས་སུ་དེ་ལ་ཁ་གཏད་གཅོག་པར་དྲང་བདེན་དང་ཕྱོགས་བྲལ་བའི་གསར་འགྱུར་སྤེལ་རྒྱུའི་རེ་བ་བཅངས་ཏེ་དབུ་བརྙས་པ་ངོས་ནས་ཤེས་ཀྱི་ཡོད། ཨ་རིའི་རླུང་འཕྲིན་ཁང་གིས་གང་ཐུབ་ཀྱིས་བདེན་དོན་ཁྱབ་སྤེལ། ལྷག་པར་དུ་དྲང་བདེན་གྱི་གསར་འགྱུར་གོ་ཐོས་འབྱུང་གི་མེད་པའི་ཡུལ་ལུང་ཁག་ལ་གསར་འགྱུར་ཁྱབ་སྤེལ། དེ་བཞིན་ཡུལ་ལུང་དེ་དག་གི་གནས་ཚུལ་རྣམས་ང་ཚོར་ཁྱབ་སྤེལ་བྱ་རྒྱུའི་ཆེད་སེམས་བཙུགས་པ་རྒྱུན་འཁྱོངས་གནང་གི་ཡོད་པར་ངོས་ནས་ཡི་རང་ཟབ་མོ་ཞུ་བཞིན་ཡོད།།

ངོས་རང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལས་རིམ་ཁག་དང་ལས་རིམ་དེ་དག་གིས་བོད་ནང་གི་མི་དམངས་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་པར་ཆ་རྒྱུས་ཡོད། བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་དམངས་ལ་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་མ་གཏོགས་མཐོང་ཐོས་མེད་པས་འཛམ་གླིང་སྤྱིའི་གནས་ཚུལ་དང་བོད་པ་བཙན་བྱོལ་བའི་གནས་སྟངས། གོ་ལའི་སྟེང་གི་དམངས་གཙོའི་འཕེལ་འགྱུར་སོགས་ཤེས་རྟོགས་གསལ་པོ་ཞིག་ཐུབ་ཀྱི་མེད་ཅིང་། ཕྱི་ལོགས་ཀྱི་བོད་སྐད་རྒྱང་སྲིང་ཁག་རྒྱ་ནག་གཞུང་གིས་ཇི་ལྟར་བཀག་ཀྱང་ཐབས་ཇུས་ལྡན་པའི་སྐྱེ་བོ་སྒེར་པ་ཚོས་ཨ་རིའི་རླུང་འཕྲིན་ཁང་ལ་ལྟ་ཉན་བྱས་ནས་འཛམ་གླིང་གི་གནས་ཚུལ་དེ་ཚོར་རྒྱུས་ལོན་ཐུབ་ཀྱི་འདུག

གསར་འགྱུར་ལས་ཁང་གཞན་ཁག་དང་འདྲ་བར་ཨ་རིའི་རླུང་འཕྲིན་ཁང་ལ་སྤྱི་དམངས་ཀྱི་དོན་དུ་དོན་དམ་གྱི་གསར་འགྱུར་བདེན་པ་སྤེལ་དགོས་པའི་ལས་འགན་གལ་ཆེན་ཞིག་ཡོད། ངོས་ནས་རྟག་ཏུ་གསར་འགྱུར་བརྒྱུད་ལམ་ཁག་གླང་ཆེན་ཞིག་ལ་དཔེ་སྡུར་གྱི་ཡོད། གསར་འགོད་པ་ཚོས་མངོན་ལྐོག་གཉིས་སུ་ཅི་ཞིག་འབྱུང་གི་ཡོད་པ་རྣམས་སྣོམ་པ་ཐུབ་པར་སྣ་རིང་པོ་ཞིག་དགོས་ཀྱི་འདུག་ཅེས་ཤོད་ཀྱི་ཡོད། ཐ་ན་དམངས་གཙོ་དང་ཁྲིམས་གྱི་དབང་སྒྱུར་ལམ་ལུགས་སྲ་བརྟན་ཚུགས་ཡོད་པའི་རྒྱལ་ཁབ་མང་དག་ཅིག་གི་ནང་དུའང་ལྐོག་ཟ་རུལ་སུངས་འབྱུང་གི་མེད་པ་ག་ལ་ཡིན། གསར་འགྱུར་བརྒྱུད་ལམ་ཁག་གིས་སྤྱི་དམངས་ཀྱི་བདེ་དོན་མཐའ་དག་ལ་རྩད་གཅོད་བྱས་ནས་ཐོབ་ཐང་འཕྲོག་གི་ཡོད་པ་དང་གོ་སྐབས་སྤྲོད་ཀྱི་མེད་པའི་གནས་ཚུལ་རྣམས་ཞིབ་ཕྲ་སྤེལ་ཏེ་མང་ཚོགས་ལ་དཔྱད་སྡོམ་རྒྱག་ཏུ་འཇུག་དགོས་པ་བཅས་ཏཱ་ལའི་བླ་མས་འཚམས་འདྲི་དང་སྨོན་འདུན་གྱིས་བརྒྱན་ཏེ་༢༠༢༢་ལོའི་ཕྱི་ཟླ་༡་ཚེས་༡༠་ཉིན།།

XS
SM
MD
LG