ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༢༡

༧གོང་ས་མཆོག་ནས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པའི་ལས་བྱེད་ཁག་ཅིག་ལ་ལ་མཇལ་ཁ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དང་། དགེ་ལྡན་སྤྱི་ལས་ཁང་གཅིག་ལྕོག་གི་ལས་བྱེད་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་མགོན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འདི་ཚེས་༡༢ཉིན་ཁོང་རྣམ་པར་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད། སྐབས་དེར་མགོན་པོ་མཆོག་གིས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་སྟེ་སེམས་ཞི་བདེ་བར་གནད་དགོས་པའི་སྐོར་ལ་བཀའ་སློབ་སྩལ་གནང་སོང་།

དེ་བཞིན་མཇལ་ཁ་བསྒྲུབས་པའི་རྗེས་སུ་འདི་ག་གསར་འགོད་པས་་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དང་དགེ་ལྡན་སྤྱི་ལས་ཁང་གཅིག་ལྕོག་གི་འགན་འཛིན་དགེ་བཤེས་བྱམས་པ་སྐལ་བཟང་ལགས་སུ་ཁོང་རྣམས་དེ་རིང་༧གོང་ས་མཆོག་མཇལ་བཅར་ཞུས་དགོས་དོན་དང་འབྲེལ་བའི་སྐོར་བཀའ་བཅར་འདྲི་ཞུས་པར་ཁོང་གིས་༧གོང་ས་མཆོག་ལ་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་འཕར་མ་ཞིག་དང་གསུང་ཆོས་སོགས་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུའི་ཆེད་དུ་མཇལ་བཅར་ཞུས་ཡོད་པའི་སྐོར་འགྲེལ་བརྗོད་གནང་གི་འདུག

གཞི་རྩའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དང་། དགེ་ལྡན་སྤྱི་ལས་ཁང་གཅིག་ལྕོག་གི་ཚོགས་མི་ནང་གདན་ས་ཆེན་མོ་སྒོང་མང་གྲྭ་ཚང་དང་བློ་བསལ་གླིང་གྲྭ་ཚང་། དགའ་ལྡན་ཤར་བྱང་གཉིས། སེ་ར་བྱེས་སྨད་གཉིས་བཅས་ནས་གྲྭ་ཚང་སོ་སོའི་སྐུ་ཚབ་རེ་རེ་བཅས་ཁྱོན་ཚོགས་མི་དྲུག་ཡོད་པའི་ཚོགས་པ་ཞིག་ཡིན་པ་མ་ཟད། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩས་གཙོ་བོ་དགེ་ལུགས་པའི་སྨོན་ལམ་ཆེན་མོ་དང་འབྲེལ་བའི་གསུང་ཆོས་སོགས་གོ་སྒྲིག་གནང་རྒྱུའི་ཕྱག་ལས་གནང་རྒྱུ་ཡིན་པ་དང་། དགེ་ལྡན་སྤྱི་ལས་ཁང་གིས་ལས་འགན་གཙོ་བོ་དེ་ནི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དང་འབྲེལ་བའི་ཕྱག་ལས་གནང་རྒྱུ་དེ་ཡིན་ཡོད་པ་འགན་འདིན་མཆོག་ནས་ངོ་སྤྲོད་གནང་བྱུང་།

XS
SM
MD
LG