ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྲག་གཡབ་རིན་པོ་ཆེར་མཇལ་ཁ་གནང་པ།


(OHHDL)
(OHHDL)

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འདི་ཚེས་ ༡༤ ཉིན་བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད། མཇལ་ཁ་གྲུབ་མཚམས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ནས་བྲག་གཡབ་སྐྱབས་མགོན་སྐུ་ཕྲེང་བཅུ་པ་བློ་ལྡན་པ་ཤེས་རབ་མཆོག་ལ་ད་རེས་ཀྱ་མཇལ་ཁ་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་ལོ་ཤས་རིང་ཏོག་དབྱིབས་ནད་དུག་རྐྱེན་པས་༧གོང་ས་མཆོག་མཇལ་ཐུབ་མེད་ན་ཡང་དེ་རིང་མཇལ་ཐུབ་པར་ཐུགས་མཉེས་པོ་བྱུང་ཡོད་པ་དང་། དེ་བཞིན་༧སྐུ་མདུན་སྐུ་ཁམས་ཀྱང་ཧ་ཅང་བདེ་པོཡོད་སྟབས་བོད་མི་ཚང་མ་བློ་བདེ་པོ་སྡོད་ཐུབ་པ་ཞིག་ཡོད་པ་གསུངས་གནང་སོང་ལ། བྲག་གཡབ་རིན་པོ་ཆེ་མཆོག་གིས་བོད་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྐབས་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་ཡང་གདུང་སེམས་མཉམ་སྐྱེ་གནང་གི་ཡོད་པ་གསུངས་གནང་སོང་།

གཞི་རྩའི་བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་མཆོག་ཕྱི་ལོ་ ༡༩༤༠ ལོར་ཁམས་མི་ཉག་ཏུ་འཁྲུངས་ཤིང་། དགུང་ལོ་བཞི་ལ་ཕེབས་སྐབས། བྲག་གཡབ་སྐྱབས་མགོན་དགུ་པའི་ཡང་སྲིད་དུ་ངོས་འཛིན་གནང་རྗེས། གདན་ས་ཆེན་པོ་འབྲས་སྤུངས་སུ་སློབ་གཉེར་གནང་། ཕྱི་ལོ་ ༡༩༥༩ ལོར་བོད་ནང་དུས་འགྱུར་སྐབས་རྒྱ་གར་དུ་ཕེབས་ཏེ་་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་འབྲེལ་ཆིབས་ཞབས་སུ་ཚུད་པ་དང་། དེ་རྗེས་གཞུང་ཆེན་གསན་བཞེས་འཕྲོ་སྐྱོང་གིས་དགེ་བཤེས་ལྷ་རམ་པའི་ཕྱག་ཁྱེར་བཞེས་གནང་མཛད། ༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། སྐུའི་ཡོངས་འཛིན་རྣམ་གཉིས། དཔལ་༧སྐྱབས་མགོན་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག བླ་མ་ཀ་ལུ་རིན་པོ་ཆེ་་མཆོག་སོགས་བླ་མ་སྐྱེས་ཆེན་དུ་མ་ལས་མདོ་སྔགས་ཀྱི་གསན་བཞེས་མཛད། ཕྱི་ལོ་ ༡༩༦༢ ཙམ་ནས་བོད་གཞུང་གི་”ཤེས་རིག་རྩོམ་སྒྱུར་ཁང་”སྒོ་འབྱེད་ཐོག་ནས་དབུ་འཛིན་དང་པོ་དང་། ཕྱི་ལོ་ ༡༩༦༤ ནས་ ༡༩༦༦ བར་རྒྱལ་ས་རྡི་ལི་གསར་པའི་བོད་ཀྱི་ཁང་པའི་དབུ་འཛིན་ཐོག་མ་དེ་གནང་། ཕྱི་ལོ་ ༡༩༦༦ ལོར་འཇར་མེ་ནིའི་་གྲོང་ཁྱེར་ བྷོན་གྱི་གཙུག་ལག་སློབ་གྲྭས་གདན་ཞུས་ལྟར་ཕེབས་པ་ནས་བཟུང་། གཙུག་ལག་སློབ་གྲྭ་དེའི་ཤར་གླིང་དབུས་མའི་རིག་གཞུང་ཁང་དུ་བོད་རིག་པའི་ཐོག་སློབ་ཁྲིད་དང་། རྩོམ་སྒྲིག་གི་ཕྱག་ལས་ལོ་ངོ་སུམ་ཅུ་སོ་བརྒྱད་རིང་གནང་ཞིང་། ཕྱི་ལོ་ ༢༠༠༥ ལོར་འཇར་མན་བོད་ཁང་གསར་འཛུགས་གནང་སྟེ། ད་ལྟའི་ཆར་བོད་ཁང་དེའི་དབུ་འཛིན་གནང་མུས་ཡིན་པ་རེད། །

XS
SM
MD
LG