ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༠༨

༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་ཚོར་མཇལ་ཁ་དང་བཀའ་སློབ་སྩལ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ལྷོ་ཀོ་རི་ཡ་ནས་ཕེབས་པའི་ནང་པའི་དད་ལྡན་རྣམས་ལ་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།

སྐབས་དེར་མགོན་པོ་མཆོག་ནས་ནང་པའི་དད་ལྡན་རྣམས་ལ་བཀའ་སྩལ་བའི་ནང་། དེར་འདུས་པའི་དད་ལྡན་ཚང་མ་སྤྱིར་མི་ཡིན་པ་གཅིག་མཚུངས་དང་སྒོས་སུ་བྱམས་སྙིང་རྗེ་གཙོ་བོར་སྟོན་མཁན་གྱི་སྟོན་པ་གཅིག་གི་རྗེས་འབྲངས་ཡིན་པའི་ཆ་ནས་འཛམ་གླིང་འདིའི་ཐོག་བྱམས་བརྩེ་གོང་སྤེལ་གཏོང་གནང་རྒྱུ་ནི་ཚང་མའི་ལས་འགན་ཡིན་པ་དང་། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འགན་གཙོ་བོ་ཞིག་ནི་འཛམ་བུ་གླིང་འདིར་སྙིང་རྗེ་གོང་སྤེལ་གཏོང་གནང་རྒྱུ་དེ་ཡིན་པས། སེམས་ཅན་ཐམས་ཅད་ལ་བརྩེ་བས་ཁྱབ་པ་ཞིག་དགོས་རྒྱུ་གལ་ཆེ་ཡིན་པ་སོགས་བཀའ་སྩལ་གནང་མཛད་ཡོད་པ་རེད།

དེ་དང་ཕྱོགས་མཚུངས་ཀོ་རི་ཡའི་མཁན་པོ་ ཇིན་འོག་ མཆོག་གིས་དབུ་ཁྲིད་པའི་དད་ལྡན་པ་རྣམ་པ་བཞུགས་སྒར་དུ་ཕེབས་དོན་དང་། དེ་བཞིན་ལོ་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་ཆོས་འབྲེལ་སྐྱབས་འཇུག་ཞུས་པའི་གནད་འགག་དང་འབྲེལ་བའི་སྐོར་ལ་མཁན་པོ་ཁོང་རང་ཉིད་ལ་བཅར་འདྲི་ཞུ་པར།

མཁན་པོ་མཆོག་ནས་ད་རེས་བཞུགས་སྒར་དུ་བཅར་དགོས་དོན་གཙོ་བོ་མཁན་པོ་ཁོང་ཉིད་ཀྱི་བླ་མ་༧གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུ་དང་སྦྲགས་མགོན་པོ་གང་ཉིད་ལ་བཀའ་སློབ་སྐྱབས་འཇུག་ཞུ་ཆེད་ཕེབས་ཡོད་གསུངས་གནང་སོང་ལ། གཞི་རྩའི་ཀོ་རི་ཡའི་ནང་ནང་པའི་ཆོས་དར་ཁྱབ་བྱུང་ནས་མི་ལོ་དྲུག་རྒྱ་ལྷག་ཕྱིན་ཡོད་ཀྱང་། ནང་པའི་བསྟན་པ་ཆ་ཚང་བ་ཞིག་བྱུང་མེད་ལ། བྱམས་སྙིང་རྗེའི་ཉམས་ལེན་ཡང་ཚད་དང་ལྡན་པ་ཞིག་མེད་པར་བརྟེན། ༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་དཔལ་ན་ལེནྜའི་བཞེད་གཞུང་དྲི་མ་མེད་པ་དེ་དག་ཞུས་ཏེ་ཀོ་རི་ཡའི་ནང་དར་བའི་ནང་པའི་བསྟན་པ་དེ་འཐུས་སྒོ་ཚང་བ་ཞིག་བཟོ་ཡ་ལ་ཕན་ཐོགས་རླབས་ཆེ་འབྱུང་གི་ཡོད་པ་དང་། བྱེ་བྲག་ཏུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་གནང་སྟངས་ལ་ལམ་སྟོན་བླ་ན་མེད་པ་ཞིག་གནང་བཞིན་པ་དེས་ཀོ་རི་ཡའི་ནང་ ནང་པའི་བསྟན་པའི་ཉམས་ལེན་འཐུས་སྒོ་ཇེ་ཚང་དུ་འགྲོ་བར་ཕན་ཐོགས་རླབས་ཆེན་བྱུང་དང་འབྱུང་བཞིན་པ་ཡང་གསུངས་གནང་སོང་།

དེ་བཞིན་མཁན་པོ་ ཇིན་འོག་ མཆོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གར་སར་སྦྱིན་གཏོང་དགེ་སྒྲུབ་གནང་བཞིན་པའི་དགོས་དོན་སྐོར་ལ་བཅར་འདྲི་ཞུས་པའི་སྐབས། ཁོང་གིས་ ང་ཚོས་བོད་མིའི་སྤྱི་ཚོགས་ལ་རོགས་རམ་བྱས་པ་ལས་ལྷག་ཅིག་ང་རང་ཚོ་ལ་བོད་བརྒྱུད་ནང་པའི་བསྟན་པ་ལས་ཐོབ་པའི་ཁེ་ཕན་དེ་བས་ཆེ་བ་ཞིག་ཡིན་པ་དང་། ང་ཚོས་ཕན་ཐོགས་བྱེད་ཐུབ་པ་དེ་ཕྱིའི་ཟང་ཟིང་གི་སྦྱིན་པ་ཙམ་ཞིག་ཡིན་པས། དེ་ལས་ལྷག་ཅིག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལས་ང་ཚོའི་སེམས་ཁམས་དང་མི་ཚེའི་རིན་ཐང་ལ་བླ་ན་མེད་པའི་ཕན་འབྲས་བྱུང་དང་འབྱུང་བཞིན་པ་རེད་ཅེས་ཡང་གསུངས་གནང་སོང་།

གཞན་ཡང་ད་རེས་ཀྱི་མཇལ་ཁའི་ནང་ཀོ་རི་ཡའི་དད་ལྡན་བརྒྱ་ལྷག་ཆེད་བཅར་ཞུས་ཡོད་འདུག་ཅིང་། ཞོར་དུ་བཞུགས་སྒར་ཁུལ་གྱི་དགོན་སྡེ་གྲྭ་ཚང་ཁག་གི་གྲྭ་བཙུན་རྣམས་དང་དེ་བཞིན་རི་ཁྲོད་མཚམས་པ། ཁ་ཐོར་གྲྭ་བཙུན་ཆིག་སྟོང་ལྷག་ལ་ན་བཟའི་དོད་ཕྱག་དངུལ་མཆོད་སྦྱིན་དང་། དེ་བཞིན་དྷ་སྟེང་བོད་ཁྱིམ་དུ་ཆེད་ཕེབས་ཀྱིས་ཞལ་འདེབས་ཀྱང་གནང་ཡོད་འདུག

XS
SM
MD
LG