ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༡༧

༧གོང་ས་མཆོག་དང་སྲིད་སྐྱོང་གིས་ཐུགས་གསོའི་གསུང་འཕྲིན་སྩལ་བ།


༄༅།། ཕྱི་ཟླ་༧་པའི་ཚེས་༨་ཉིན་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྟེ། བྷུ་ཤཱར་རྒྱལ་ཕྲན་གྱི་རྒྱལ་པོ་ཝྭིར་བྷ་དྷར་སིང་དགུང་གྲངས་༨༧་ཐོག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ཏཱ་ལའི་བླ་མ་མཆོག་དང་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་དམ་པ་དེའི་བཟའ་ཟླའི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཡོད་ཅིང་། དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་དེར་མགོན་པོ་གང་ཉིད་ཧི་མ་ཅའ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དགུང་གྲངས་༨༧་བར་དུ་བཞུགས་པའི་རིང་དེར་མང་ཚོགས་ཀྱི་བདེ་དོན་ལ་གཟིགས་རྟོག་གང་ལེགས་གནང་ནས་སྐུ་ཚེ་དོན་དང་ལྡན་པ་ཞིག་བྱུང་བར་བསྔགས་བརྗོད་ཡོད་ཅེས་ཐུགས་སྨོན་འཚམས་སྦྱོར་གནང་འདུག

སྐུ་ཞབས་ཝྭིར་བྷ་དྷ་ནི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐེངས་དྲུག་དང་རྒྱ་གར་དབུས་གཞུང་གི་གྲོས་ཚོགས། ས་གནས་ཀྱི་གྲོས་ཚོགས་འཐུས་མིའི་ཐུགས་འགན་ལན་མང་བཞེས་མྱོང་ཡོད་པའི་སྲིད་དོན་པ་ཞིག་ཡིན་པར་མ་ཟད། ཁོང་བོད་ལ་ཐད་ཀར་འབྲེལ་བ་ཡོད་པའི་སྐྱེས་བུ་ཞིག་ཡིན་ཞིང་། ཁོང་གིས་དུས་ནས་དུས་སུ་བོད་དོན་ལ་ཐུགས་ཁུར་ཆེ་བཞེས་གནང་བར་༧གོང་ས་མཆོག་གིས་རྟག་ཏུ་ཡི་རང་དང་རྗེས་དྲན་ཞུ་ཡི་འདུག དམ་པ་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཧ་ཅང་ཆེན་པོ་གནང་མཁན་ཞིག་དང་དབུ་ཁྲིད་རྣམ་གཉིས་དམིགས་བསལ་གྱི་ཐུགས་འདྲིས་གཟབ་མོ་ཡོད་པ་ཞིག་རེད། ཁོང་རྣམས་ཕན་ཚུན་མཇལ་འཕྲད་ཐེངས་མང་གནང་མྱོང་ཡོད་པ་རྣམས་དྲན་གསོ་དང་བཅས་གསར་འགོད་པའི་དྲི་བ་ཁག་ལ་ལེན་འདེབས་གནང་འདུག

རྒྱ་གར་གྱི་བརྙན་འཕྲིན་དང་རྒྱ་གར་དུས་བབ་ཚགས་པར་སོགས་ཀྱིས་དམ་པ་དེར་ད་ལོ་ཏོག་དབྱིབས་ནད་དུག་ཐེངས་གཉིས་ཕོག་ཀྱང་དྲག་སྐྱེད་བྱུང་། ཉེ་དུས་དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་ཕྲད་ནས་ཕྱི་ཟླ་༧་པའི་ཚེས་༨་ཀྱི་ཐོ་རངས་ཆུ་ཚོད་༤་པ་ཡས་མས་སུ་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལའི་ཨིན་དྷ་ར་གྷན་དྷི་དྲན་རྟེན་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་པ་རེད་ཅེས་གནས་ཚུལ་སྤེལ་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་དམངས་ཀྱི་ཚབ་ཞུས་ཏེ་དམ་པ་དེའི་བཟའ་ཟླའི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་ཞིང་། སྐུ་ཞབས་ཝྭིར་བྷ་དྷར་སིང་གི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་ལ་ཆེ་བསྟོད་དང་བོད་པ་ཡོངས་ལ་བློ་ཕམ་བྱུང་བ་སོགས་འཁོད་འདུག་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས་ངོ་སྤྲོད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་སྐུ་ཞབས་ཝྭིར་བྷ་དྷ་སིང་དམ་པ་དེ་ཉིད་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཉིས་ཐུགས་འདྲིས་ཟབ་མོ་ཡོད་དང་བོད་པ་བཙན་བྱོལ་བ་ཚོར་རྒྱ་གར་ཡུལ་མི་ལྟར་བྱམས་སྐྱོང་གནང་བའི་བཀའ་དྲིན་མཚོན་ཆེད་ལྷན་ཁང་ཁག་ཏུ་སྨོན་ལམ་བཏོན་པ་དང་གཞུང་འབྲེལ་གྱི་མྱ་ངན་ཞུ་བར་ཕྱི་དྲོར་ལས་ཁུངས་ཁག་སྒོ་བརྒྱབ། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྲིད་བློན་མོ་དྷི་གཙོས་རྒྱ་གར་གྱི་སྲིད་དོན་པ་ཚོས་དམ་པ་དེར་མྱ་ངན་ཞུ་བཞིན་ཡོད་པའི་གནས་ཚུལ་ཐོན་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG