ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མ་འོངས་པའི་ཁེ་རེ་མཱི་ཡ་གླིང་ཟུར་གྱི་འཐབ་འཁྲུག་གི་གནད་འགག 


༄༅།། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཐམས་ཅད་ཁེ་རེ་མཱི་ཡ་གླིང་ཟུར་ནས་འོག་བཙུགས་པ་རེད། ཐམས་ཅད་ཁེ་རི་མཱི་ཡ་ནས་མཇུག་བསྡུ་དགོས་ཀྱི་རེད་ཅེས་བཤད་པ་ལྟར་ཡུཀ་རེན་གྱི་དམག་གིས་ཁེ་རེ་མཱི་ཡ་ཕྱིར་ལེན་བྱ་རྒྱུར་འབད། ཨུ་རུ་སུའི་དམག་གིས་གླིང་ཟུར་དེ་མུ་མཐུད་དུ་འཛིན་ཐབས་སུ་ཤུགས་སྣོན་རྒྱག་གི་ཡོད་ཅིང་། མ་འོངས་པར་ཨུ་ཡུཀ་གཉིས་ཀྱིས་གང་གིས་ཁེ་རེ་མཱི་ཡ་གླིང་ཟུར་འཛིན་ཐུབ་ན་ཡུཀ་རེན་གྱི་དམག་འཁྲུག་འདིར་རྒྱལ་ཕམ་གྱི་རྟིང་ཐག་གཅོད་ཐུབ་པའི་རྣམ་པ་ཞིག་མངོན། ཕྱི་ཟླ་༣་པའི་ཚེས་༢༨་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༤་ལོར་ཕུ་ཊིན་གྱིས་དམག་བཏང་ནས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་བྱས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་ལ་འགོག་རྒོལ་མ་ནུས། ད་ལྟ་ཡུཀ་རེན་གྱི་དམག་གིས་ཁེ་རི་མཱི་ཡ་གླིང་ཟུར་ཕྱིར་ལེན་བྱ་རྒྱུ་གནད་འགག་ཅིག་ཏུ་བརྩིས་ཡོད་པ་ལྟར་ཨུ་རུ་སུའི་དམག་གིས་ཀྱང་ལོ་དགུའི་གོང་དུ་བླངས་ཟིན་པའི་ས་ཆ་དེ་འཆོར་དུ་མི་འཇུག་མི་ཉན་པ་ནི་དེ་བས་ཀྱང་གལ་གནད་ཆེ་བའི་གནས་ཚུལ་ཐོན་འདུག

ཡུཀ་རེན་གྱི་ཉམས་ཞིབ་པ་ཚོས་ཨུ་རུ་སུའི་དམག་གིས་ལས་རྩོལ་བ་ཚོ་བཀུག་སྟེ་ཁེ་རེ་མཱི་ཡ་གླིང་ཟུར་དང་ཡུཀ་རེན་གཉིས་འདྲེས་མཚམས་བྱང་ཕྱོགས་ཀྱི་ས་ཐིག་ནར་མོ་དེར་འཐབ་ར་བརྐོས། ཡུཀ་རེན་གྱི་དམག་གིས་གཏོར་རྒོལ་བྱས་རེ་བཞིན་དུ་ཨུ་རུ་སུའི་དམག་གིས་ཁེ་རེ་མཱི་ཡ་གླིང་ཟུར་གྱི་སྲུང་སྐྱོབ་མཐུན་རྐྱེན་ཡག་ཏུ་བཏང་སྟེ་གཏོར་རྒོལ་བྱ་རྒྱུ་སྔར་ལས་དཀའ་ངལ་ཆེ་རུ་སོང་། ཁེ་རེ་མཱི་ཡ་གླིང་ཟུར་གྱི་དམག་འཁྲུག་ལ་གཞིགས་ནས་ཨུ་རུ་སུའི་གཞུང་གིས་ས་ཁུལ་དེའི་མི་དམངས་དཀྱུས་མ་རྣམས་ཉེན་གཡོལ་དུ་འགྲོ་དགོས་པའི་བཀོད་ཁྱབ་གཏོང་གི་ཡོད་པ་དང་དམག་འཁྲུག་ཆེན་པོ་ཞིག་འབྱུང་རྒྱུ་གདོན་མི་ཟ། ༢༠༢༢་ལོའི་ཕྱི་ཟླ་༨་ནས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་དམག་འཁྲུག་དེ་ཁེ་རེ་མཱི་ཡ་གླིང་ཟུར་བཅིངས་འགྲོལ་བཏང་ནས་མཇུག་བསྡུ་དགོས་ཞེས་བཤད་པའི་ལངས་ཕྱོགས་མ་འགྱུར། ཨུ་རུ་སུས་དམག་བརྒྱབ་ནས་ཡུ་རོབ་གླིང་གི་ས་གནས་མཆོག་ཏུ་གྱུར་པ་ཞིག་ཉེན་ཚབས་ཤིན་ཏུ་ཆེ་བའི་ས་གནས་ཤིག་ཏུ་བསྒྱུར། ཨུ་རུ་སུས་དམག་འཁྲུག་བསླངས་ནས་ཁེ་རི་མཱི་ཡ’i་དཔལ་འབྱོར་དང་ཁོར་ཡུག་ལ་གནོད་སྐྱོན། མི་མང་རྣམས་རེ་ཐག་ཆད་པ་ཞིག་ཏུ་གྱུར།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཨུ་རུ་སུའི་སྲིད་འཛིན་ཟུར་པ་མེ་ཌ་ཝེ་ཌེབ་ཀྱིས་ཡུཀ་རེན་གྱི་དམག་གིས་ཁེ་རེ་མཱི་ཡ་གླིང་ཟུར་ཕྱིར་ལེན་བྱ་ཐབས་བྱས་ཚེ། ཨུ་རུ་སུས་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཁེ་རི་མཱི་ཡ་གླིང་ཟུར་དུ་ཨུ་སུ་རུའི་མཚོ་ནག་དཔུང་སྡེ་བཞག་ཡོད་པ་དང་སེ་ཝ་སི་ཊོ་པོལ་མཚོ་ཁ་སོགས་ཨུ་རུ་སུའི་ཚོང་ལས་ལ་དགོས་མཁོ་ཆེ། ཕུ་ཊིན་དང་ཁོ་པའི་མཐུན་གྲོགས་ཚོས་ཁེ་རེ་མཱི་ཡ་གླིང་ཟུར་ནི་ཨུ་རུ་སུའི་མངའ་རིས་བསྙོན་མེད་ཅིག་ཡིན་ཞེས་གཏམ་རྒྱུད་ཅིག་རྟོག་བཟོ་བྱས་ནས་གླིང་ཟུར་དེ་ཤོར་ན་ཕུ་ཊིན་གྱི་སྲིད་གཞུང་ངོ་གནོང་དགོས་པ་ཞིག་ཅི་མ་ཡིན། འདས་པའི་ལོ་མང་རིང་ཡུཀ་རེན་གྱི་དམག་གིས་ཁེ་རེ་མཱི་ཡ་གླིང་ཟུར་ཕྱིར་ལེན་བྱ་རྒྱུའི་བརྩིས་བརྒྱབ་ཀྱང་དོན་འཁྱོལ་མ་བྱུང་། ན་ནིང་ཕྱི་ཟླ་༩་པ་ནས་ཡུཀ་རེན་གྱིས་ཨུ་རུ་སུའི་བཙན་འཛུལ་དམག་ལ་ཕར་རྒོལ་བྱས་ཏེ་ཁར་སན་གྲོང་བླངས་པའི་རྗེས་སུ་ཁེ་རེ་མཱི་ཡ་གླིང་ཟུར་ཕྱིར་ལེན་བྱ་རྒྱུ་སྒྲུབ་པ་ཞིག་ཡིན་པའི་སྙིང་སྟོབས་འཕེལ།།

ཕྱི་ཟླ་༣་པའི་ཚེས་༢༧་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོན་བྷ་སི་མངའ་ཁུལ་དུ་འཐབ་འཁྲུག་དྲག་པོ་རྒྱག་གི་ཡོད་ཀྱང་ཁེ་རི་མཱི་ཡ་གླིང་ཟུར་དུ་མཚན་མོར་འབར་མདེལ་གྱི་གཏོར་རྒོལ་བྱུང་། འཁྱོག་བཤད་ཀྱི་འཐབ་འཁྲུག་ཅིག་ལངས་ཏེ་ཁེ་རེ་མཱི་ཡ་གླིང་ཟུར་ཡུཀ་རེན་གྱིས་ཕྱིར་ལེན་བྱ་རྒྱུ་སྟབས་བདེ་པོ་མེད་ཀྱང་ཨུ་རུ་སུའི་དམག་གིས་གླིང་ཟུར་དེར་སྔར་བཞིན་དབང་བསྒྱུར་བྱེད་ཐུབ་རྒྱུའང་ལས་སླ་པོ་ཞིག་ག་ལ་ཡིན། ཡུཀ་རེན་གྱི་དམག་གིས་མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་མཚོ་དམག་ལ་སུན་གཙེར་དང་ཨུ་རུ་སུའི་དམག་གི་མཁོ་ཆས་སྐྱེལ་འདྲེན་གྱི་ལམ་བཅད་ནས་གཏོར་རྒོལ་གྱི་ལས་སུ་ཞུགས། ཁ་སྔོན་ཕྱི་ཟླ་༢་པ་ཡས་མས་སུ་འཁོར་སྐར་གྱིས་བླངས་པའི་འདྲ་པར་ནང་དུ་ཨུ་རུ་སུའི་དམག་གིས་ཁེ་རེ་མཱི་ཡ་གླིང་ཟུར་གྱི་བྱང་ཕྱོགས་སུ་འགག་རྩར་གྱུར་པའི་ས་གནས་འགའ་ཞིག་ཏུ་དམག་དཔུང་བཀྲམ་སྟེ་མཚོན་ཆ་བཙུགས། ཡུཀ་རེན་གྱི་གཞུང་གིས་སྐབས་འགར་སྤྱི་ཚོགས་དྲྭ་ལམ་དུ་ཁེ་རེ་མཱི་ཡ་གླིང་ཟུར་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པའི་བརྙན་ཐུང་རེ་བཀྲམ།།

གཟའ་འཁོར་སྔོན་མར་ཡུཀ་རེན་གྱི་གསང་བའི་ལས་ཁུངས་ནས་ཁུ་རེ་མཱི་ཡ་གླིང་ཟུར་གྱི་ཛན་ཀོ་ཡེ་གྲོང་ཁྱེར་དུ་འབར་མདེལ་གས་འཐོར་བྱུང་བ་ནི་གྲོང་ཁྱེར་དེར་ཨུ་རུ་སུའི་དམག་གི་འཕུར་མདེལ་བཞག་ཡོད་པ་རྣམས་རྩ་མེད་དང་ཁེ་རེ་མཱི་ཡ་བཅིངས་འགྲོལ་གཏོང་རྒྱུའི་འཐབ་འཁྲུག་གི་སྔ་ལྟས་ཡིན་ཞེས་བཀྲལ། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཁར་སན་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་ཌི་ནིབ་རོ་གཙང་པོའི་ཕར་ཕྱོགས་ཀྱི་ཆུ་འགྲམ་ཡོངས་སུ་ས་མེ་སྤས། ཨུ་རུ་སུའི་དམག་གིས་ཉིན་ལྟར་མེ་སྒྱོགས་དང་འཕུར་མདེལ་གྱིས་གཏོར་རྒོལ་བྱས་ནས་ཡུཀ་རེན་གྱི་དམག་དཔུང་ཌི་ནིབ་རོ་གཙང་པོ་བརྒལ་ནས་དཔུང་འཇུག་བྱ་རྒྱུ་འགོག་གི་འདུག་ཟེར། ཨུ་རུ་སུའི་གསར་འགྱུར་ལས་ཁང་ཁག་གིས་ཁེ་རེ་མཱི་ཡ་གླིང་ཟུར་གྱི་ནང་ལོགས་སུ་ངོ་ཐག་མི་ཆོད་པའི་འཇབ་རྒོལ་བ་ཚོས་སོལ་རླངས་སོགས་ཀྱི་ལྕགས་སྦུག་དང་ཨུ་རུ་སུའི་དམག་གི་མདེལ་མཛོད་ཁག་ལ་གཏོར་རྒོལ་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། ཡུཀ་རེན་གྱི་བཙན་རྒོལ་ལྟེ་གནས་ཁང་ནས་ཁེ་རེ་མཱི་ཡའི་ཡུལ་མི་ཚོས་ཨུ་རུ་སུའི་བཙན་གནོན་ལ་གྱེན་རྒོལ་བྱས་ནས་མེ་འཁོར་ལྕགས་ལམ་གཏོར་གྱི་ཡོད་པ་རེད་ཅེས་ངེས་གཏན་བྱས།།

ཟླ་བ་འདིར་ཨུ་རུ་སུའི་གཞུང་གིས་བསྐོ་བཞག་བྱས་པའི་ཁེ་རེ་མཱི་ཡའི་འགོ་ཁྲིད་སར་གྷེ་ཨག་སེ་ནོབ་ཀྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཁེ་རེ་མཱི་ཡའི་བྱང་ཕྱོགས་ཀྱི་ས་མཚམས་ཡོངས་སུ་འཐབ་ར་བརྐོས་ན་གླིང་ཟུར་དེར་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཁག་ཐེག་བྱེད་ཐུབ་ཅེས་ཁས་བླངས། ཁེ་རེ་མཱི་ཡ་བཅིངས་འགྲོལ་ལས་དོན་ཁང་གི་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཌེ་ནི་སི་ཆི་ས་ཊི་ཀོབ་ཀྱིས་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཁེ་རེ་མཱི་ཡའི་མཚོ་འགྲམ་ནས་ཡུཀ་རེན་གྱི་ས་མཚམས་བར་དུ་འཐབ་ར་བརྐོས་ཡོད་པར་མ་ཟད། ཁེ་རེ་མཱི་ཡ་གླིང་ཟུར་གྱི་ནང་ཁུལ་དུའང་འཐབ་ར་བརྐོས་འདུག ཁོ་ཚོས་ས་གནས་ཀྱི་མི་དམངས་ལ་ཡུཀ་རེན་གྱི་དཔུང་འཇུག་བྱུང་ན་མཐར་སྐྲོད་གཏོང་རྒྱུའི་རྣམ་པ་སྟོན་གྱི་ཡོད་པ་རེད་ཅེས་བཤད། ཨུ་རུ་སུའི་གཞུང་གིས་ཁེ་རེ་མཱི་ཡའི་ནང་ལོགས་སུ་འཐབ་ར་རྐོ་མཁན་དང་ཤིང་བཟོ་ཚོར་ཉིན་གླ་ཨ་སྒོར་༩༠་ཐམ་པ་སྟེ། ཨུ་རུ་སུའི་དངུལ་ལོར་རུ་བྷུལ་༧༠༠༠་རེ་སྤྲོད་རྒྱུ་དང་འདུག་ས་ཡང་ཡོད་ཅེས་ལས་མི་གླ་ཡི་ཡོད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༣་པའི་ཚེས་༢༦་ཉིན་ཡུཀ་རེན་གྱི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པས་ཁེ་རེ་མཱི་ཡ་གླིང་ཟུར་ཕྱིར་ལེན་བྱ་རྒྱུར་དམིགས་པ་གཏད་ཡོད། ༢༠༡༤་ལོར་ཕུ་ཊིན་གྱིས་དམག་བཏང་ནས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་ཕྲོགས་པ་རེད་ཅེས་བསྒྲགས། ཉམས་ཞིབ་པ་ཚོས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཇུས་ཉེས་ཆེན་པོ་འབྱུང་གི་ཡོད་པ་དང་ཡུཀ་རེན་གྱིས་ཁེ་རེ་མཱི་ཡ་ཕྱིར་ལེན་བྱེད་ཐུབ་རྒྱུ་རེད་ཅེས་གླེང་། ཡུཀ་རེན་གྱི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པས་རྙིང་ཞེན་གསར་ཁང་གི་གསར་འགོད་པར་ཁེ་རེ་མཱི་ཡ་གླིང་ཟུར་གྱི་མི་མང་ཕོན་ཆེན་ཞིག་གིས་ང་ཚོ་ཕྱིར་ལོག་བྱས་ནས་ཡོང་རྒྱུ་དེར་སྒུག་ཡོད་པ་རེད། ང་ཚོས་འཐབ་འཁྲུག་རྣམས་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་གང་ནས་དཔུང་འཇུག་བྱ་རྒྱུ་ཡིན་མིན་རྣམས་ངས་གསལ་པོར་ཤེས་ཀྱི་ཡོད་ཅེས་ཨུ་རུ་སུར་ཉེན་བརྡ་བཏང་ཞིང་། ཨུ་རུ་སུའི་གཞུང་གིས་བསྐོ་བཞག་བྱས་པའི་ཁེ་རེ་མཱི་ཡ་གླིང་ཟུར་གྱི་གཞུང་འབྲེལ་མི་སྣ་ཁག་གི་བཟའ་ཟླ་བུ་ཕྲུག་དང་ཉེ་ཚན་རྣམས་ཨུ་རུ་སུར་ཁྱིམ་གཞིས་སྤོས། གླིང་ཟུར་དེའི་འབྱོར་ལྡན་པ་ཚོས་ཁང་པ་འཚོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཡུཀ་རེན་གྱི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པས་མུ་མཐུད་དུ་བཤད་པ་ལྟར་ན། ན་ནིང་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་མ་བྱས་གོང་དེར་ཕྱོགས་གཉིས་ཀྱི་མཚོ་དམག་གི་སྟོབས་ཤུགས་ནི་༡་དང་༡༢་ཀྱི་ཁྱད་པར་ཡིན་མོད། ད་ལྟ་ཡུཀ་རེན་གྱི་ཡུཀ་རེན་གྱི་མཚོ་དམག་གི་སྟོབས་ཤུགས་ལྡབ་གསུམ་འཕར་ཏེ་གཅིག་དང་བཞིའི་ཁྱད་པར་གྱི་མཚམས་སུ་བསླེབས་ཡོད། ཐོག་མར་བཙན་འཛུལ་བྱུང་མ་ཐག་ཏུ་ང་ཚོས་རང་གི་མཚོ་ཁ་ཡོངས་ལ་སྲུང་སྐྱོབ་བྱས་པ་ཡིན། ད་ལྟ་ང་ཚོས་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཤོར་བའི་མཚོ་ཁ་དེ་ཚོར་བལྟས་ནས་བསྡད་ཡོད། སྔོན་ཆད་མཚོ་ཁ་དེ་རྣམས་ཕྱིར་ལེན་བྱ་རྒྱུ་བློ་ཡུལ་དུ་ཤོང་དཀའ། དེང་སྐབས་ཡུཀ་རེན་གྱི་དམག་གིས་རང་གི་མཚོ་ཁ་རྣམས་ཕྱིར་ལེན་བྱ་རྒྱུ་མངོན་དུ་འགྱུར་ཐུབ་པ་ཞིག་མཐོང་གི་འདུག་ཅེས་ནན་བརྗོད་བྱས་ཤིང་། ཡུཀ་རེན་གྱི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་གཞོན་པས་ཨུ་རུ་སུར་དམག་གི་སྟོབས་ཤུགས་ཆེན་པོ་ཡོད་ཀྱང་ང་ཚོ་རང་གི་དམག་དཔུང་གི་དཔའ་སྟོབས་དང་འཇོན་ཐང་ལ་ཡིད་ཆེས་ཡོད་ཅེས་ཚིག་འགའ་བསྣན།།

སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་གིས་མེ་ལི་ཊོ་པོལ་དང་ཁར་སན་ཞིང་ཆེན་ནས་ཁེ་རེ་མཱི་ཡ་གླིང་ཟུར་དུ་དཔུང་འཇུག་བྱེད་སྲིད། ཡིན་ནའང་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་དམག་གིས་ཁེ་རེ་མཱི་ཡ་གླིང་ཟུར་ཕྱིར་ལེན་བྱ་རྒྱུ་དེར་ཐེ་ཚོམ་འཛིན་གྱི་ཡོད་པའི་རྣམ་པ་བསྟན། ད་ལོའི་མགོ་སྟོད་དེར་ཨ་མི་རི་ཀའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མེ་ལིས་གསར་འགོད་པ་ཚོར་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་དམག་དཔུང་ཡོད་དོ་ཅོག་མཐར་སྤྲོད་གཏོང་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་བཤད། ཉམས་ཞིབ་པ་ཨན་ཆལ་ཝཱོ་ར་ཞེས་པ་ཞིག་གིས་ཕྱི་སྲིད་དུས་དེབ་ནང་དུ་ཨུ་རུ་སུའི་མཚོ་དམག་སོགས་ཀྱིས་སྲུང་སྐྱོབ་དམ་པོ་བྱེད་བཞིན་པའི་ཁེ་རེ་མཱི་ཡ་གླིང་ཟུར་ལོགས་སུ་དགར་རྒྱུ་དང་གླིང་ཟུར་དེར་དཔུང་འཇུག དཔུང་འཛུལ་བྱས་ནས་ས་ཆ་ཕྱིར་ལེན་བྱ་རྒྱུ་རྣམས་གནས་ཚུལ་ཐ་དད་རེད་ཅེས་རྩོམ་ཡིག་བྲིས། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཨུ་རུ་སུའི་དམག་གིས་ཕྲོགས་ཟིན་པའི་ཡུཀ་རེན་གྱི་ས་ཆ་རྣམས་བློས་གཏོང་དགོས་པའི་ལྟ་ཚུལ་བཟུང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG