ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཀྱི་ཚོཊ་འདུ་འཚོཊ་པ།


རྒྱ་གར་དང་ཕྱི་རྒྱལ་དུ་གནས་སྡོད་བོད་པ་ཁག་ཅིག་གིས་དང་བླང་འོག་བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཅེས་པའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བརྒྱུད་བོད་དོན་གླེང་སློང་དང་། ལྷག་པར་དུ་མ་འོངས་བོད་དང་བོད་མིའི་མདུན་ལམ་འཚོལ་ཞིབ་ཀྱི་ལས་འགུལ་སྐྱོང་བཞིན་པའི་ཁྲོད་ཁ་སང་འདི་གའི་རྒྱལ་ས་ལྡི་ལིར་གནས་འཁོད་བོད་པ་གཞོན་སྐྱེས་དང་རྒྱ་གར་བོད་དོན་རྒྱབ་སྐོར་བ་ཁག་ཅིག་གདན་ཞུས་ཀྱིས་མ་འོངས་བོད་ཀྱི་མདུན་ལམ་ཐོག་ལ་རྒྱ་གར་གྱི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་གོ་བསྡུར་སྦྱང་བཤད་ལྷུག་པོ་གནང་སོང་།

མཛད་སྒོའི་ཐོག་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་གཞུང་ཚབ་པ་ཟུར་པ་སྐུ་ཞབས་ཁཱན་ཝལ་སི་བྷོལ་Kanwal Sibal ལགས་དང་། བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཅེས་པའི་ལས་རིམ་དེའི་སློབ་སྟོན་པ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག། ལྡི་ལི་སྐུ་ཚབ་དོན་གཅོད་སྤྱི་ཟུར་བློ་བཟང་ཤསྟྲི་ལགས་སོགས་ཕེབས་འདུག།

ཚོགས་འདུ་དབུ་འབྱེད་དང་སྐུ་མགྲོན་གཙོ་བོའི་གསུང་བཤད་མ་གཏོགས་གྲོས་གཞི་ཆ་ཚང་སྒྲ་འཇུག་བརྙན་ལེན་བཀག་ཡོད་པ་དང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་གཞུང་ཚབ་པ་ཟུར་པ་སྐུ་ཞབས་ཁཱན་ཝལ་སི་བྷོལ་Kanwal Sibal ལགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་གྱི་ནུས་པ་དང་དམག་གི་སྟོབས་ཤུགས། ཕྱི་འབྲེལ་སྲིད་བྱུས་དང་རྒྱ་བསྐྱེད་རིང་ལུགས་ཀྱི་ལྟ་བ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་བ་དང་ཆབས་ཅིག། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ནི་གསར་བརྗེ་བ་ཞིག་མ་ཡིན་ཞིང་། ཁོས་བོད་ཀྱི་ཐོག་ལ་ནམ་ཡང་འཇམ་པོ་བྱེད་མཁན་ཞིག་མིན། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་རང་བཙན་ཐོབ་པ་ནས་བཟུང་། ད་ཕན་རྒྱ་ནག་ཐོག་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་ཡག་པོ་ཞིག་གཏན་ནས་བྱུང་ཐུབ་ཡོད་མ་རེད་ཅེས་གསུངས་གནང་སོང་།

སྐུ་མགྲོན་གཙོ་བོ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་ལས་རིམ་འདི་ལྟ་བུར་བསྔགས་བརྗོད་ཀྱིས་མ་འོངས་པར་ད་དུང་མཐུད་ནས་གོ་སྒྲིག་གནང་གལ་ཆེ་བ་ཡིན་པ་ལམ་སྟོན་གནང་བ་དང་། རྒྱ་གར་དང་བོད་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ནས་ཆོས་རིག་གི་འབྲེལ་ལམ་དམ་ཟབ་གྲུབ་བསྡད་ཡོད་པ་དང་། བོད་མི་སྐྱབས་བཅོལ་བ་རྣམས་ལ་འཛམ་གླིང་རྒྱལ་ཁབ་གཞན་སུ་དང་མི་འདྲ་བ་རྒྱ་གར་གྱི་བཀའ་དྲིན་བསྐྱངས་ཡོད་པ་ཧ་ཅང་གིས་བཀའ་དྲིན་ཆེན་པོ་ཆགས་ཀྱི་ཡོད་པའི་བཀའ་སློབ་གནང་འདུག།

ཁ་སང་གི་ཚོགས་འདུ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་ཏཱ་ལའི་བླ་མ་ཀུན་ཁྱབ་འགན་འཁུར་ལྟེ་གནས་ཁང་གི་ལས་བྱེད་བསྟན་འཛིན་དགྲ་འདུལ་ལགས་ཀྱིས་ལྡི་ལི་ནང་དུ་རྒྱ་གར་དང་བོད་པ་སློབ་ཕྲུག་མང་པོ་ཞིག་དང་ཤེས་ཡོན་ཅན་མང་དག་ཅིག་ཡོད་སྟབས། ལས་རིམ་འདི་ས་གནས་སུ་གོ་སྒྲིག་ཞུ་རྒྱུ་གནད་འགག་ཡིན་པ་གསུངས་འདུག།

དེ་དང་ཕྱོགས་མཚུངས་ཡང་བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཅེས་པའི་ལས་རིམ་གོ་སྒྲིག་གནང་མཁན་ཁོངས་ཨ་མེ་རི་ཁ་ནས་ཕེབས་པ་བཀྲ་ཤིས་ལམ་བཟང་ལགས་ཀྱིས་གསུང་དོན་དུ། ད་བར་འདས་པའི་ལོ་ཤས་དེའི་ནང་དུ་ཨ་རི་དང་ཡོ་རོབ་ཏུ་ཚོགས་འདུ་འདི་ལྟར་ཐེངས་ཁ་ཤས་གོ་སྒྲིག་ཞུས་གནང་བའི་ཁྲོད། གཞོན་སྐྱེས་ཀྱི་ནང་ནས་བོད་སྤྱིའི་ཐོག་ལ་འགན་ཁུར་དང་སེམས་ཚོར་ཆེན་པོ་ཞིག་ཡོང་ཐུབ་ཀྱི་ཡོད་པ་གསུང་གི་འདུག།

ཤེས་རྟོགས་བྱུང་བ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་༦ ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཀྱི་ཚོགས་འདུ་རྒྱས་པ་ཞིག་ཀྱང་སྐོང་འཚོགས་གནང་རྒྱུ་རེད་འདུག། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་གྱིས།

XS
SM
MD
LG