ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༢/༡༢/༠༩

རྒྱ་ནག་གིས་ནད་ཡམས་གཙང་སེལ་གྱི་སྲིད་ཇུས་ལྷོད་ཡངས་གཏོང་ཐབས་ཀྱི་དོན་ཚན་ཉི་ཤུ་བཏོན་པ།  


གོ་ལ་ཁྱོན་ཡོངས་དཀའ་སྡུག་གི་ཀློང་ལ་འདེད་པའི་ཏོག་དབྱིབས་ནད་ཡམས་དེ་བཞིན། ཐོག་མར་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཁྱབ་གདལ་དུ་ཕྱིན་ཏེ། ད་ཆ་ལོ་ངོ་ཧྲིལ་པོ་གསུམ་འཁོར་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གི་ས་ཆ་མང་པོར་སྔར་བཞིན་ནད་ཡམས་ཀྱི་གནས་སྟངས་འགྱུར་ལྡོག་ཆེ་ཞིང་ངེས་གཏན་མེད་པ་དང་། ནད་ཡམས་སྔོན་འགོག་གི་ལས་དོན་དང་དཔལ་འབྱོར་གྱི་གནས་སྟངས། སྤྱི་ཚོགས་བྱེད་སྒོ་ཁག་བཅས་ཀྱི་གནས་བབ་ཧ་ཅང་ཛ་དྲག་གི་ངང་ནས་གནས་མུས་སུ་མཆིས།

ཉེ་བའི་ཆར་རྒྱ་ནག་གི་འབྲེལ་ཡོད་འཛིན་སྐྱོང་ཚན་པས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྲིད་ཇུས་ཡར་རྒྱས་གཏོང་ཐབས་ཀྱི་གཏན་འབེབས་དོན་ཚན་ཉི་ཤུ་ཞེས་པ་བཏོན་ཏེ། དབང་འཛིན་པས་ད་ཕན་རྒྱུན་འཁྱོངས་བྱེད་བཞིན་པའི་ནད་ཡམས་གཙང་སེལ་གྱི་སྲིད་ཇུས་དམ་བསྒྲགས་ཅན་དེའི་ལངས་ཕྱོགས་ལ་འགྱུར་བ་བཏང་ནས། སྲིད་ཇུས་ལྷོད་གཏོང་ཡོང་ཐབས་ཀྱི་བཅོས་བསྒྱུར་རིགས་ཤིག་གཉེར་བཞིན་པའི་རྣམ་པ་ཞིག་མངོན་ཡང་། རྒྱ་ནག་དམར་ཤོག་གིས་གཞུང་གི་སྡེ་ཚན་སོ་སོས་ནད་ཡམས་གཙང་སེལ་གྱི་སྲིད་ཇུས་སྤྱིའི་སྒྲོམ་གཞི་ལ་འགྱུར་བ་མེད་པར་ད་དུང་མུ་མཐུད་ནས་ལག་ལེན་བསྟར་དགོས་པ་ནི་སྲིད་དོན་གྱི་དགོས་མཁོ་ཞིག་ཏུ་ངེས།

དབང་འཛིན་པའི་ངོས་ནས་དམ་བསྒྲགས་ཀྱི་སྲིད་ཇུས་དེར་བྱེ་བྲག་ཏུ་འགྱུར་བ་ངོ་མའི་རིགས་ཤིག་ངང་ངམ་ཤུགས་ཀྱིས་གཏོང་བཞིན་པའི་དགོས་དམིགས་དེའང་། སྔར་ཆབ་སྲིད་ལས་འགུལ་གྱི་ངོ་བོ་ལྡན་པའི་ནད་ཡམས་སྔོན་འགོག་གི་སྲིད་ཇུས་ཐལ་ཆ་ཆེ་བ་ཞིག་ཟིན་པའི་རྐྱེན་ལས། མི་སྤྱོད་ལས་འདས་པའི་གོད་ཆག་རིམ་པ་སྣ་ཚོགས་ཤིག་ཞོར་འཇགས་སུ་བྱུང་སྟེ། མི་དམངས་ཀྱི་སྡང་ཟུག་བསླངས་ཤིང་། དཔལ་འབྱོར་གྱི་གནས་སྟངས་ཡང་རྒྱུན་ལྡན་ལྟར་འཁོར་རྒྱུག་མི་ཐུབ་པའི་དཀའ་ངལ་གྱི་གནས་སུ་གྱར་བ་དང་ཆབས་ཅིག ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཀྱི་གནོད་འཚེ་ཕོག་མཁན་ཚོས། འབྲེལ་ཡོད་ཁག་ལ་མུ་མཐུད་ནས་ནད་ཡམས་ཀྱི་མགོ་ཁུངས་བརྩད་གཅོད་དགོས་པའི་བླ་བྱ་བཏོན་པ་དང་། སྐབས་དོན་འགན་འཛོལ་དང་ཆེད་གཉེར་གནས་ཚུལ་ངོ་མ་སྦས་སྐུང་བྱེད་མི་དཔོན་རིགས་ཁག་ལ་འདྲི་གཅོད་བདའ་འདེད་བྱས་པའི་རྐྱེན་གྱིས་ཡིན་པར་དཔྱད་བརྗོད་པས་འདོད།

རྒྱ་ནག་དམར་ཤོག་གཞུང་འབྲེལ་གསར་ཁང་གིས་སྤྱི་ཟླ་༡༡ ཚེས་༡༠ ཉིན་སྤེལ་བའི་གནས་ཚུལ་ལྟར་ན། གསར་དུ་གོ་གནས་སུ་འཁོད་པའི་རྒྱ་ནག་དམར་ཤོག་དབུས་རྒྱུན་ལས་རྣམ་པས། དམར་ཤོག་གི་གཙོ་འཛིན་ཞི་ཅིང་ཕིང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་མཐའ་འཁྱོལ་བྱེད་པའི་ནད་ཡམས་གཙང་སེལ་གྱི་སྲིད་ཇུས་དེའི་སྐོར་བགྲོ་གླེང་བྱས་ཡོད་པ་དང་། བགྲོ་གླེང་རྗེས་ཀྱི་ཉིན་གཉིས་པར་རྒྱ་ནག་གཞུང་གི་ནད་ཡམས་སྔོན་འགོག་མཉམ་འབྲེལ་སྡེ་ཚན་ཀྱི་ངོས་ནས། ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྲིད་ཇུས་སྔར་ལས་ལྷག་པར་ཡར་རྒྱས་གཏོང་ཐབས་དང་། ཚན་རིག་དང་མཐུན་པའི་སྔོན་འགོག་ལས་དོན་ལམ་ལྷོངས་ཡོང་ཐབས་ཀྱི་བརྡ་ཐོ་ཞེས་པའི་གཏན་འབེབས་དོན་ཚན་ཉི་ཤུ་རུ་འབོད་པ་དེ་བཏོན།

གཞུང་འབྲེལ་གསར་ཁང་ལས་སྤེལ་བའི་གནས་ཚུལ་ལས། དམར་ཤོག་དབུས་གཞུང་གི་ངོས་ནས་གཏན་འབེབས་དོན་ཚན་ཉི་ཤུ་དེ་བཞིན་ས་གནས་སོ་སོའི་ཡན་ལག་ཉིང་ལག་དང་བཅས་པའི་འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་ལག་བསྟར་ཇི་བཞིན་ཡོང་དགོས་པའི་བཀོད་ཁྱབ་བཏང་ཡོད་ཅིང་། སྲིད་ཇུས་གུ་ཡངས་གཏོང་ཐབས་ཀྱི་ལག་ལེན་གཙོ་བོ་ལ། ནད་པ་དང་འབྲེལ་འདྲིས་བྱུང་བའི་དོགས་ཡོད་ནད་པ་རྣམས་གནས་ངེས་ཅན་ཞིག་ཏུ་མི་མང་པོ་ལྷན་གཅིག་ལ་ཟུར་བཀག་ཉི་མ་བདུན་དང་སོ་སོའི་ཁྱིམ་དུ་ཟུར་བཀག་ཉིན་གསུམ་རིང་བྱེད་དགོས་པའི་གཏན་འབེབས་ལ་འགྱུར་བ་བཏང་སྟེ། ད་ཆ་གནས་ངེས་ཅན་ཞིག་ལ་མཉམ་གཅིག་ཏུ་ཉིན་ལྔ་དང་སོ་སོའི་ཁྱིམ་དུ་ཉིན་གསུམ་རིང་ཟུར་བཀག་བྱས་ན་འཐུས་རྒྱུ་དང་། ཉེན་ཁ་ཆེན་པོ་མེད་པའི་ས་གནས་ཁག་ལ་སྟངས་འཛིན་བྱེད་ཐབས་སུ་ཉེན་ཁ་ཆེ་ཆུང་གི་དབྱེ་བ་ལ་བྱེ་བྲག་གི་སྡེ་ཚན་དང་ཐོག་ཁང་སོགས་ལ་གཞི་བཅོལ་བ་ལས། དེ་སྔ་ལྟར་ཉེན་ཁ་ཆེ་ཆུང་བར་མ་གསུམ་དུ་དབྱེ་བ་ཕྱེས་ཐོག་ནད་པ་གཅིག་བྱུང་རྗེས་ས་གནས་ཡོངས་རྫོགས་ཉེན་ཁ་ཆེ་ཆུང་གི་དབྱེ་བ་གང་རུང་གི་ཁོངས་སུ་བཅུག་པའི་བྱེད་སྟངས་དེར་འགྱུར་བ་བཏང་ཟིན།

གཏན་འབེབས་དོན་ཚན་ཉི་ཤུ་ལས་ཕྱིའི་རྒྱལ་ཁབ་ནས་ཡོང་མཁན་ཚོར་དམིགས་ནས། རྒྱལ་སྤྱིའི་མཁའ་འགྲུལ་ཞབས་ཞུའི་ལས་རིགས་གནས་སྐབས་རིང་མཚམས་འཇོག་དགོས་པའི་བཀོད་ཁྱབ་ཕྱིར་འཐེན་གྱིས། དེ་སྔར་རྒྱལ་ཁབ་གཞན་ནས་ཡོང་མཁན་གྱི་འགྲུལ་པ་ཚོས་གནམ་གྲུར་མ་བསྡད་གོང་གི་ཆུ་ཚོད་༤༨ ནང་ཚུན་ལ་ལུས་པོ་བརྟག་དཔྱད་ཐེངས་གཉིས་རེ་བྱེད་དགོས་པ་དེ། ད་ལྟ་ཐེངས་གཅིག་རེ་མ་གཏོགས་བྱ་མི་དགོས་པར་བྱས་ཤིང་། རྒྱ་ནག་ཏུ་འབྱོར་རྗེས་ཉིན་བདུན་རིང་གི་ཟུར་བཀག་དུས་ཡུན་དེ་ཇེ་ཐུང་ཏུ་བཏང་སྟེ། ད་ལྟའི་ཆར་ཉིན་ལྔའི་རིང་ལ་མ་གཏོགས་ཟུར་བཀག་བྱ་མི་དགོས་པའི་གཏན་འབེབས་བྱས་འདུག་ཅིང་། དེ་ལྟར་རྒྱལ་ཁབ་ཕྱི་ལོགས་ནས་ཡོང་བའི་འགྲུལ་པ་ཚོར་སྲིད་ཇུས་ལྷོད་ཡངས་བཏང་བ་དང་ཆབས་ཅིག །ནད་ཡམས་གཙང་སེལ་གྱི་སྲིད་ཇུས་དེའི་སྤྱིའི་སྒྲོམ་གཞི་ལ་སྔར་བཞིན་བརྩི་སྲུང་བྱ་དགོས་པ་དང་། དངོས་དོན་ལག་ལེན་ལ་འཁེལ་ཐུབ་མིན་ཇི་ལྟར་ཡང་བསམ་ཚུལ་དེ་ནི་ཧ་ཅང་ལེགས་པོ་ཞིག་རེད། ཅེས་ཏོག་དབྱིབས་ནད་ཡམས་ཀྱིས་གནོད་འཚེ་ཕོག་མཁན་གྱི་ནང་མི་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་འདུག་ལ། ཕྱིའི་རྒྱལ་ཁབ་ཁག་ནང་སྔ་ས་ནས་ནད་ཡམས་དང་མཉམ་གནས་ཀྱིས་འཚོ་བ་སྐྱེལ་བཞིན་པ་ལས། དོན་དངོས་ཐོག་ནད་ཡམས་གཙང་སེལ་བྱ་རྒྱུ་ཟེར་བ་ནི་འགྲུབ་ཐབས་མེད་པ་ཞིག་ཡིན་པ་ནི་མང་པོས་ངོས་འཛིན་པར་བྱེད། རྒྱ་ནག་ཏུ་མ་རྩ་འཛུགས་འཇོག་བྱས་ཡོད་པའི་ཐེ་ཝན་གྱི་ཚོང་པ་ཡིན་ཞིང་། ཨ་མེ་རི་ཀའི་ཁ་ལི་ཧྥོ་ལི་ཡ་མངའ་སྡེར་གནས་སྡོད་ཚན་རྩལ་བཟོ་ཚོང་ཁང་གི་ཁེ་ལས་པ་མཱེ་ཁེ་ལགས་ནས། རྒྱ་ནག་གི་ནད་ཡམས་སྔོན་འགོག་གི་སྲིད་ཇུས་ནི་སྲིད་དོན་ཁོ་ན་ལས་ཚན་རིག་ལ་བརྩི་འཇོག་རྩ་བ་ནས་མི་བྱེད་པའི་གནས་སྟངས་ཤིག་རེད། ཅེས་གསུངས།

གནས་ཚུལ་སྤེལ་བ་ཞིག་ལས་གསལ་བ་ལྟར་ན། ཨ་རིའི་བར་མའི་འོས་གྲུབ་རྗེས། སྤྱི་མཐུན་ཚོགས་པས་གྲོས་ཚོགས་འོག་མར་སྟངས་འཛིན་ཐུབ་པ་ཡིན་ན། སྲིད་དོན་ཚོགས་པ་དབྱེར་མེད་ལ་ཁྱབ་པའི་རྒྱ་ནག་སྐོར་གྱི་ལྷན་ཚོགས་ཤིག་འཛུགས་རྒྱུ་ཡིན་ཞིང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོས། ཚོང་ཟོག་འཁོར་རྒྱུག་མ་ལག་གི་གནད་དོན་དང་། ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་བརྩད་ཞིབ་ཀྱི་གནད་དོན་ཐད་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་རྟོགས་ཐུབ།

ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྲིད་ཇུས་ཡར་རྒྱས་གཏོང་ཐབས་སྐོར་ཀྱི་གཏན་འབེབས་དོན་ཚན་ཉི་ཤུ་ཞེས་པ་ནི། དོན་དངོས་ཐོག་རྒྱ་ནག་རྒྱལ་ཡོངས་ས་གནས་སོ་སོར་མི་དམངས་ཀྱི་འདོད་བློ་ཁེངས་ཀྱི་མེད་པ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་ཛ་དྲག་ཆགས་པ། དཔལ་འབྱོར་ཁྱོན་ཡོངས་ནས་ཉམས་ཆག་ཕྱིན་པ་སོགས་སྣེ་མང་རྙོག་འཛིང་གི་གནས་སྟངས་སྤྱི་དང་བྱེ་བྲག་ལ་དམིགས་པའི་སྲིད་ཇུས་ཀྱི་ལམ་སྟོན་རྩ་འཛིན་ཞིག་ཡིན་པ་དེ་ལྟ་ནའང་། དེས་ནད་ཡམས་སྔོན་འགོག་ཐལ་ཆ་ཅན་གང་དེའི་ཞོར་འཇགས་སུ་བྱུང་བའི་མཇུག་འབྲས་ལ་ཕྱི་ཚུལ་གྱི་བདའ་འདེད་བྱ་རྒྱུ་ཙམ་ལས། དོན་དངོས་གནས་ཚུལ་སྦས་གསང་གིས་ནད་ཡམས་ཀྱི་འབྱུང་ཁུངས་དངོས་བརྩད་གཅོད་ཡོང་ཐབས་སོགས་ཀྱི་སྐོར་ལ་གསལ་སྟོན་གང་ཡང་བྱས་མེད་པ་གསལ་པོར་ངེས།

XS
SM
MD
LG