ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

རྒྱ་དཀར་ནག་གི་གྲོས་མོལ་ཐེངས་༡༩་པར་གྲུབ་འབྲས་མ་ཐོན་པར་མཇུག་སྒྲིལ།


༄༅།། བདུན་ཕྲག་རྗེས་མར་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ལྷོ་ཨ་ཧྥ་རི་ཀར་འཚོགས་ཀྱི་ཡོད་པའི་རྒྱ་དཀར་ནག་གཉིས་དང་ཨུ་རུ་སུ། བྷར་ཛིལ་དང་ལྷོ་ཨ་ཧྥི་རི་ཀ་བཅས་རྒྱལ་ཁབ་ལྔའི་ཆེས་མཐོའི་འགོ་ཁྲིད་ཚོའི་ཚོགས་ཆེན་ལ་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང་། འདས་པའི་ཉི་མ་གཉིས་ལ་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་ལ་དྭགས་ཀྱི་ཆུ་ཤུལ་ས་ཁུལ་དུ་ཧིན་བོད་ས་མཚམས་ཀྱི་རྩོད་གཞི་ཁག་སེལ་ཐབས་སུ་གྲོས་མོལ་ཐེངས་༡༩་པ་བྱས་ཀྱང་གནད་དོན་ཐག་གཅོད་མ་ཐུབ་པར་གྲོས་མོལ་མཇུག་སྒྲིལ་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་ཚེས་༡༦་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་གཟའ་མིག་དམར་ཉིན་རྒྱ་དཀར་ནག་གཉིས་ཀས་ཐུན་མོང་གི་གསལ་བསྒྲགས་ཤིག་སྤེལ་ནས་ཕྱོགས་གཉིས་ཀས་ཕན་ཚུན་གྱི་ལྟ་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱུང་སོང་། གྲོས་མོལ་ཐེངས་༡༩་པ་དེར་ཕན་ཐོགས་བྱུང་ཡོད་པ་དང་རྒྱ་དཀར་ནག་གཉིས་ཀས་མུ་མཐུད་དུ་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་ཅེས་བསྒྲགས། ཉེ་ཆར་ཕྱི་ཟླ་༤་པའི་ནང་རྒྱ་དཀར་ནག་གི་སྐུ་ཚབས་ཚོས་གྲོས་མོལ་ཐེངས་༡༨་བྱས་པའི་རྗེས་སུ་ཕྱོགས་གཉིས་ཀས་རང་ངོས་ནས་གསར་འགོད་གསལ་བསྒྲགས་རེ་སྤེལ་ཏེ་ཐུན་མོང་གི་སྤྱི་བསྒྲགས་མ་སྤེལ།།

ཟླ་བ་འདིའི་ཚེས་༢༢་ནས་༢༤་བར་དུ་ལྷོ་ཨ་ཧྥི་རི་ཀར་རྒྱ་གར་དང་རྒྱ་ནག ལྷོ་ཨ་ཧྥི་རི་ཀ་དང་ཨུ་རུ་སུ། བྷར་ཛིལ་བཅས་རྒྱལ་ཁབ་ལྔའི་ཆེས་མཐོའི་འགོ་ཁྲིད་ཚོ་ཚོགས་འདུ་འཚོགས་ཀྱི་ཡོད་པ་དེའི་སྐབས་སུ་སྲིད་བློན་མོ་དྷི་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་ཡིན་ཞིང་། ཕྱི་ཟླ་༩་པའི་ཚེས་༩་ནས་༡༠་བར་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོ་ཚོགས་འདུ་འཚོགས་ཀྱི་ཡོད་པ་དེའི་སྐབས་སུའང་སྲིད་བློན་མོ་དྷི་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱེད་ཀྱི་ཡོད་པས་ལྷོ་ཨ་ཧྥི་རི་ཀ་དང་ལྡི་ལི་གསར་པར་སྲིད་བློན་མོ་དྷི་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་མ་བྱུང་གོང་དུ་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་ཧིན་བོད་ས་མཚམས་ཀྱི་རྩོད་གཞི་ཁག་ཅིག་ཐག་གཅོད་བྱས་ཏེ་སྲིད་བློན་མོ་དྷི་དང་ཞིས་ཅིན་ཕིང་གི་ཐུག་འཕྲད་གྲོས་མོལ་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུའི་འབད་བརྩོན་བྱས་ཀྱང་གྲུབ་འབྲས་མ་ཐོན།།

༢༠༡༩་ལོར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ལ་རྒྱལ་ཁབ་ལྔའི་ཆེས་མཐོའི་འགོ་ཁྲིད་ཚོ་ཚོགས་འདུ་ཚོགས་པའི་སྐབས་སུ་སྲིད་བློན་མོ་དྷི་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱུང་། དེའི་རྗེས་སུ་རྒྱ་ནག་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ། ༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་རྒྱ་གར་བའི་དམག་མི་༢༠་དང་རྒྱ་དམག་༤་བསད། དེ་ནས་བཟུང་སྟེ་རྒྱ་ནག་དཀར་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་ཏེ་ཞིས་ཅིན་ཕིང་དང་མོ་དྷི་གཉིས་ཐུག་འཕྲད་གྲོས་མོལ་མ་བྱུང་། རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་གིས་རྒྱལ་སྲུང་དང་བདེ་འཇགས་ལས་ཁུངས་ཁག་གི་གནས་ཚུལ་འབྱུང་ཁུངས་ལ་གཞི་བཅོལ་ནས་གསར་འགྱུར་སྤེལ་བ་ལྟར་ན། རྒྱ་དཀར་ནག་གཉིས་ཀས་ལ་དྭགས་ཀྱི་ཤར་ཕྱོགས་སུ་དམག་དཔུང་དང་མཚོན་ཆ་འགྲེམ་འཇོག་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་རྒྱུའི་ཁས་ལེན་བྱས་ཤིང་། དེང་སྐབས་རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་སུ་དམག་དཔུང་ཁྲི་ཚོ་༦་རེ་འགྲེམ་འཇོག་བྱེད་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་གཞུང་ཚབ་པ་ཟུར་པ་ར་ཇིབ་ཌོག་རས་(Rajiv Dogra)་རྒྱ་དཀར་ནག་གི་འབྲེལ་བ་ཡག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་དཀའ་ངལ་མང་པོ་ཞིག་སེལ་རྒྱུ་ལུས་འདུག རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་རྒྱུ་ཡིན་མིན་ནི་བདུན་ཕྲག་རྗེས་མའི་རྒྱལ་ཁབ་ལྔའི་ཚོགས་འདུའི་ཐོག་དང་ཟླ་བ་རྗེས་མའི་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ཚོགས་འདུའི་ཐོག་ཏུ་ཞིས་ཅིན་ཕིང་དང་མོ་དྷི་གཉིས་གྲོས་མོལ་བྱས་ནས་གྲུབ་འབྲས་ཅི་ཙམ་ཐོན་རྒྱུ་ཡིན་མིན་ལ་ཐུག་ཡོད་པ་རེད་ཅེས་བཀྲལ། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་འཐབ་ཇུས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་སློབ་དཔོན་བྷ་ར་མ་ཆེ་ལེ་ནེས་(Brahma Chellaney)་ཧི་མ་ལ་ཡའི་ལྗོངས་ཀྱི་ས་མཚམས་སུ་ཕྱོགས་གཉིས་ཀས་དམག་མི་ཁྲི་ཚོ་མང་པོ་འགྲེམ་འཇོག་བྱས་ནས་ཛ་དྲག་ཞི་འཇམ་དུ་གཏོང་ཐུབ་ཀྱི་མེད་པའི་སྐབས་སུ་ཞིས་ཅིན་ཕིང་རྒྱ་གར་ལ་ཡོང་གི་ཡོད་པ་ནི་ཁྱད་མཚར་ཞིག་རེད་ཅེས་བསྟན། རྒྱ་གར་གྱི་གསར་འགྱུར་ལས་ཁུངས་མང་ཆེ་བས་ཟླ་བ་རྗེས་མར་ཞིས་ཅིན་ཕིང་ལྡི་སི་གསར་པར་བསླེབས་ཀྱང་ཕྱོགས་གཉིས་ཀྱི་འགལ་ཟླ་སེལ་ཐུབ་བམ་ཞེས་དོགས་སློང་གི་གསར་འགྱུར་སྤེལ་འདུག

ཕྱི་ཟླ་༨་པའི་ཚེས་༡༦་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེ་པིན་གྱིས་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་ལ་དྭགས་ཀྱི་ཆུ་ཤུལ་ས་གནས་སུ་གྲོས་མོལ་བྱས་པར་བསྔགས་བརྗོད་བྱས་པར་མ་ཟད། ཁོ་པས་གྲོས་མོས་དེས་རྒྱ་དཀར་ནག་གི་དམག་དཔོན་རིམ་པ་དང་ཕྱི་འབྲེལ་མི་སྣ་རིམ་པའི་གྲོས་མོལ་རྒྱུན་འཁྱོངས་བྱ་རྒྱུར་ཆོད་སེམས་བརྟན་པོ་བཙུགས་ཡོད་པ་མཚོན་ཐུབ་ཅེས་བཤད་མོད། འོན་ཀྱང་རྒྱ་ནག་གིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱས་ནས་ཀསྨིར་ལ་ཟིང་ཆ་བསླངས། རྒྱ་དཀར་ནག་གཉིས་ཀས་སྤང་གོང་མཚོ་འགྲམ་དང་གོག་ར། གྷལ་ཝན་ལུང་གཤོངས་ནས་དམག་དཔུང་ཕྱིར་འཐེན་བྱས་ཀྱང་ས་གནས་གཞན་ཁག་ཏུ་དམག་དཔུང་རང་སོར་བཞག་འདུག ཕྱི་ཟླ་༤་པའི་ནང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་(Rajnath Singh)་གིས་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲན་ཧྥུ་(Li Shangfu)་ལ་རྒྱ་ནག་གིས་ཕྱོགས་ཀྱི་འབྲེལ་བ་གཙབས་རལ་དུ་བཏང་སོང་ཞེས་སྐྱོན་བཙུགས།།

ཕྱི་ཟླ་༨་པའི་ཚེས་༡༥་ཉིན་རྒྱ་གར་གྱི་ཧིན་རྡུ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༨་པའི་ཚེས་༡༣་དང་༡༤་གཉིས་ལ་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་རིམ་པའི་གྲོས་མོལ་ཐེངས་༡༩་པ་བྱས་པའི་སྐབས་སུ་གྲོས་སྡུར་ཅི་ཞིག་བྱས་ཡོད་མེད་དང་གྲོས་མཐུན་ཅི་ཞིག་བྱུང་ཡོད་མེད་ཆ་མ་འཚལ། རྒྱ་དཀར་ནག་གཉིས་མུ་མཐུད་དུ་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་སོང་ཞེས་ཐུན་མོང་གི་གསལ་བསྒྲགས་ཤིག་སྤེལ་བ་དེར་ཞིབ་ཆ་མི་འདུག ལ་དྭགས་ཀྱི་རྒྱལ་ས་གླེ་རུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་དམག་སྡེ་༡༤་པའི་དམག་སྤྱི་གཞོན་པ་ར་ཤིམ་བྷ་ལིས་(Rashim Bali)་འགོ་ཁྲིད་ནས་ཕྱི་ཟླ་༤་པའི་ནང་དུའང་རྒྱ་ནག་གི་སྐུ་ཚབ་ཚོར་གྲོས་མོལ་བྱས་པ་རེད། ༢༠༢༠་ནས་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་རིམ་པས་གྲོས་མོལ་བྱས་ཏེ་འཁྲུག་རྩོད་འབྱུང་ཡུལ་ས་གནས་ཁག་ལྔ་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུར་འབད། ས་གནས་ཁག་ཅིག་ནས་དམག་དཔུང་ཕྱིར་འཐེན་བྱས་ཀྱང་ལ་དྭགས་ཀྱི་སྡེ་བཟང་ཐང་དང་བདེ་མཆོག་ས་ཁུལ་ནས་རྒྱ་དམག་རྣམས་ཕྱིར་འཐེན་བྱེད་ཀྱི་མེད་པ་རེད་ཅེས་གནས་ཚུལ་སྤེལ་འདུག
Hello Dong,

XS
SM
MD
LG