ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ཚོགས་འདུ་ཐེངས་༡༥པ་འཚོག་བཞིན་པ།


སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་དུས་ཐེངས་༡༥པ་འདི་བཞིན་འདི་ཚེས་༢༨ཉིན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་དུ་འཚོགས་གནང་སོང་ལ། སྐབས་དེར་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། ས་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་གཙོས་པས་སམ་བྷོ་ཊའི་སློབ་གྲྭ་ཁག་གི་འགན་འཛིན་རྣམས་ལྷན་འཛོམས་ཐོག །ད་ལྟའི་ཆར་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ལོ་རེ་ནས་ཉུང་དུ་འགྲོ་ཡི་ཡོད་སྟབས། མ་འོངས་པར་ང་ཚོའི་ངོས་ནས་སློབ་ཕྲུག་ཚོའི་བདེ་འཇགས་དང་། ཤེས་ཡོན་བློ་གསོ་སྤྲོད་སྟངས་སོགས་ལ་ཐུགས་སྣང་གནང་དགོས་པའི་སྐོར་ལ་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ནས་གསུངས་སོང་།

དེ་བཞིན་སྤྱི་ལོ་༡༩༩༩ ལོར་སཾ་བྷོ་ཊ་བོད་སློབ་ཚོགས་པ་ཐོག་མ་དབུ་འཛུགས་གནང་བ་ནས་བཟུང་། རིམ་བཞིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་བོད་སློབ་ཁག་གང་མྱུར་རྩིས་ལེན་ཐུབ་རྒྱུར་ཤེས་རིག་ལས་ཁུངས་ཀྱི་འགན་བཞེས་གནང་བ་བཞིན། སྤྱི་ལོ་༢༠༡༣ལོར་ནས་སློབ་གྲྭ་ཁག་རྩིས་ལེན་འགོ་འཛུགས་ཀྱིས་སྤྱི་ལོ་༢༠༢༡ནང་། སློབ་གྲྭ་ལྷག་མ་ཁག་དང་བཅས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཆ་ཚང་སམ་བྷོ་ཊ་བོད་སློབ་འཛིན་ཚོགས་ནས་སྟངས་འཛིན་གནང་རྒྱུའི་རྩིས་སྤྲོད་རྩིས་ལེན་གནང་ཐུབ་པ་བྱུང་ཡོད་པ་རེད།

དེ་དང་ཕྱོགས་མཚུངས་ད་རེས་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་དུས་འདི་བཞིན་སམ་བྷོ་ཊའི་དབུས་སྤྱི་ཁྱབ་ཡིག་ཚང་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། འགན་འཛིན་ཚོགས་འདུའི་ཐོག་སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་༣༤ནས་ཚོགས་བཅར་བ་༣༤ཕེབས་ཡོད་པའི་ཁོངས་ནས། རྡོར་གླིང་སམ་བྷོ་ཊའི་སློབ་གྲྭའི་སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས་ཀྱིས་གསུང་དོན་ལ་སློབ་གྲྭ་རྩིས་ལེན་བྱས་པའི་རྗེས་སུ་སློབ་ཕྲུག་གསར་དུ་འཛུལ་བཞུགས་བྱེད་མཁན་མང་དུ་ཕྱིན་པ་དང་། ཕ་མ་ཚོས་ཀྱང་དོ་སྣང་གནང་གི་ཡོད་པའི་སྐོར་ལ་གསུང་གནང་བྱུང་།

XS
SM
MD
LG