ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཊམ་གྱི་རྒྱབ་སྐྱོར་བ་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་༡༨་གྱིས་ཁྲིམས་གཏུག 


ཨ་མི་རི་ཀའི་ཊེཀ་སེ་སི་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་པེག་སི་ཊོན།
ཨ་མི་རི་ཀའི་ཊེཀ་སེ་སི་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་པེག་སི་ཊོན།

༄༅།། ཨ་མི་རི་ཀའི་ཊེཀ་སེ་སི་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་པེག་སི་ཊོན་གྱིས་འགོ་ཁྲིད་ནས་སྤྱི་མཐུན་ཚོགས་པས་དབང་སྒྱུར་བྱེད་ཡོད་པའི་མངའ་སྡེ་༡༨་ཀྱི་སྤྱི་ཁྱབ་ཁྲིམས་འཛིན་པ་ཚོས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ལ་ཞིབ་འཇུག་བྱ་དགོས། ཕྱི་ཟླ་༡༢་པའི་ཚེས་༡༤་ཉིན་ཨ་རིའི་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཇཱོ་བྷ་ཌན་དང་ཀ་མ་ལ་ཧེ་རི་སི་གཉིས་གཞུང་འབྲེལ་གྱིས་ཨ་མི་རི་ཀའི་སྲིད་འཛིན་དང་སྲིད་འཛིན་གཞོན་པར་འོས་འདེམས་བྱེད་ཀྱི་ཡོད་པའི་དུས་ཚོད་ཕར་འགྱངས་བྱ་དགོས། ༢༠༢༠་ལོའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཚུལ་མཐུན་དང་དྲང་སྙོམས་བྱུང་མ་སོང་། ཨ་རིའི་དམངས་གཙོ་ཚོགས་པས་གཡོ་ཁྲམ་བྱས་ནས་ཇཱོ་བྷ་ཌན་ལ་པེན་སིལ་ཝྭེ་ཎི་ཡ་དང་འཇོར་ཇཱི་ཡ། མཱི་ཆི་གྷན་དང་ཝི་སི་ཀོན་སན་མངའ་སྡེ་བཞིའི་ནང་དུ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་རེད་ཅེས་ཞུ་གཏུགས་བྱས་འདུག ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་མངའ་སྡེ་༡༨་ཀྱི་སྤྱི་ཁྱབ་ཁྲིམས་འཛིན་པ་ཚོས་མིང་རྟགས་བཀོད་པའི་ཁ་མཆུ་དེར་ངོས་ལེན་བྱས་ནས་པེན་འཇོར་མཱི་ཝི་མངའ་སྡེ་བཞིའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ། ཉེ་ཆར་པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་པ་དེར་ཁྲིམས་ཁང་གིས་ངོས་ལེན་བྱས་མེད་པ་སྟེ། ཕྱི་ཟླ་༡༢་པའི་ཚེས་༨་ཉིན་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་དཔོན་ཨ་ལི་ཏོ་ལ་བར་འགོག་བཀའ་ལུང་བསྒྲགས་དགོས་པའི་སྙན་ཞུ་འབྱོར། ཁོང་གིས་ཁྲིམས་ཁང་ལ་ཞུ་སྦྱོར་བྱུང་ཡང་དེ་ལ་ངོས་ལེན་བྱ་རྒྱུ་མིན་ཞེས་བཅད་ཁྲ་བསྒྲགས།།

དེ་རིང་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཊེཀ་སེ་སི་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་པེག་སི་ཊོན་གཙོས་རང་གི་རྒྱབ་སྐྱོར་བ་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་རྣམས་ཕོ་བྲང་དཀར་པོར་མགྲོན་འབོད་བྱས་ཡོད་པའི་གནས་ཚུལ་ཐོན། སྲིད་འཛིན་ཊམ་དང་རྒྱབ་སྐྱོར་བ་ཚོས་པེན་སིལ་ཝྭེ་ཎི་ཡ་དང་འཇོར་ཇཱི་ཡ། མཱི་ཆི་གྷན་དང་ཝི་སི་ཀོན་སན་བཅས་མངའ་སྡེ་བཞིའི་མི་མང་ལ་སྦྲག་ཁང་བརྒྱུད་ནས་འོས་ཤོག་འཕེན་དུ་བཅུག་པ་འགྲིག་མ་སོང་། མངའ་སྡེ་དེ་དག་གི་ནང་དུ་མི་ཤི་ཚར་བ་དེ་དག་གི་མིང་ཐོག་ཏུའང་འོས་ཤོག་འཕངས་འདུག དམངས་གཙོ་ཚོགས་པའི་འོས་འདེམས་ལས་མི་ཚོས་མཚན་ལ་ཇཱོ་བྷ་ཌན་གྱི་མིང་བྲིས་པའི་འོས་ཤོག་རྫུན་མ་ཤོག་སྒམ་མང་པོ་ཁ་སྣོན་བྱས་སོང་། འོས་ཤོག་གྲངས་བཤེར་གྱི་འཕྲུལ་ཆས་ཁག་གིས་ཌོ་ནལ་ཊམ་ལ་འཕངས་པའི་འོས་ཤོག་རྣམས་ཇཱོ་བྷ་ཌན་གྱི་མིང་ཐོག་ཏུ་བསྒྱུར་སོང་། པེན་སིལ་ཝྭེ་ཎི་ཡ་དང་འཇོར་ཇཱི་ཡ། མཱི་ཆི་གྷན་དང་ཝི་སི་ཀོན་སན་བཅས་མངའ་སྡེ་བཞིའི་ནང་དུ་ཇཱོ་བྷ་ཌན་ལ་འོས་ཤོག་མང་བ་ཐོབ་ཡོད་པ་རྣམས་བརྩི་མེད་གཏོང་དགོས་ཞེས་རྒྱུ་མཚན་བགྲངས། ཡིན་ནའང་སྲིད་འཛིན་ཌོ་ནལ་ཊམ་དང་ཁྲིམས་རྩོད་པ་ཚོས་འོས་འདེམས་དྲང་སྙོམས་མ་བྱུང་བ་དང་འོས་འདེམས་ཀྱི་གྲུབ་འབྲས་ལ་གཡོ་ཁྲམ་བྱུང་བའི་ཉེས་འཛུགས་དེ་ཚོར་ཁུངས་འཕེར་གྱི་དཔང་རྟགས་གང་ཡང་སྟོན་རྒྱུ་མེད་པར་མིས་གཡོ་ཁྲམ་བྱས་སོང་ཟེར་གྱི་འདུག གཡོ་ཁྲམ་བྱས་པ་མི་ཚོས་གོ་ཐོས་བྱུང་འདུག མི་ཚོར་གཡོ་ཁྲམ་བྱེད་ཀྱི་ཡོད་པའི་དོགས་པ་བྱུང་འདུག་ཟེར་བ་སོགས་ཀྱི་སྒྲུབ་བྱེད་ཁག་ཅིག་ཁྲིམས་སར་ཞུས། དེར་བརྟེན་ད་ལྟའི་བར་དུ་སྲིད་འཛིན་ཊམ་དང་ཁྲིམས་རྩོད་པ་ཚོས་ཁྲིམས་གཏུག་ཐེངས་༥༡་བྱས་པ་དེའི་གྲས་ནས་ཁ་མཆུ་ཐེངས་༥༠་ཤོར། ཁོ་ཚོར་ཁ་མཆུ་༡་ཐོབ་པ་ནི་པེན་སི་ཝྭེ་ཎི་ཡ་མངའ་སྡེའི་འོས་ཤོག་གྲངས་བཤེར་བྱ་ཡུལ་ཁག་ཏུ་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་རྣམས་རྟོག་ཞིབ་བྱེད་དུ་ཡོང་འཇུག་དགོས་ཟེར་པ་དེར་ཁྲིམས་ཁང་གིས་མོས་མཐུན་བྱས་ཡོད་པ་རེད།།

སྲིད་འཛིན་ཊམ་ལ་རྒྱབ་སྐྱོར་བྱས་ནས་ཆེས་མཐོའི་ཁྲིམས་ཁང་གི་ཞུ་གཏུག་ཡིག་ཆར་མིང་རྟགས་འགོད་མཁན་སྤྱི་མཐུན་ཚོགས་པའི་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་རྣམས་ནི་ཨ་ལ་བྷ་མ་དང་ཨར་ཁན་སོ། ཧྥུ་ལོ་རི་ཌ་དང་ཨིན་ཌི་ཡ་ན། ཁན་ས་སི་དང་ལུ་ཝི་སི་ཡ་ན། མཱི་སི་སི་ཕི་དང་མཱི་སོ་རི། མོན་ཊ་ན་དང་ནེ་བྷ་ར་སི་ཀ བྱང་ཌོ་ཀོ་ཌ་དང་ལྷོ་ཌ་ཀོ་ཌ། ཨོཀ་ལོ་ཧོ་མ་དང་ལྷོ་ཀེ་རོ་ལེ་ན། ཊེ་ཎི་སི་དང་ཡུ་ཌ། ནུབ་ཝྭིར་ཇཱི་ཎི་ཡ་བཅས་ཡིན་ཞིང་། གོང་འཁོད་མངའ་སྡེ་ཁག་གི་སྤྱི་ཁྱབ་ཁྲིམས་འཛིན་པ་ཚོས་སྲིད་འཛིན་ཊམ་ལ་རྒྱབ་སྐྱོར་བྱས་ནས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུག་བྱ་དགོས་པའི་དམིགས་ཡུལ་དང་ཀུན་སློང་ཅི་ཡིན། ཁོ་ཚོས་རང་རང་གི་མངའ་སྡེ་ཁག་ལ་འབྲེལ་བ་མེད་པར་ཨ་མི་རི་ཀའི་མངའ་སྡེ་གཞན་ཁག་གི་འོས་འདེམས་ལམ་ལུགས་དྲང་སྙོམས་མ་རེད་ཅེས་ཞུ་གཏུག་བྱེད་ཀྱི་ཡོད་པར་རྒྱལ་ཁ་འཐོབ་རྒྱུ་ཡོད་མེད་བཤད་དཀའ། འོན་ཀྱང་ཊེཀ་སེ་སི་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་པེག་སི་ཊོན་གྱིས་སྲིད་འཛིན་ཊམ་ལ་རྒྱབ་སྐྱོར་བྱས་ནས་ཆེས་མཐོའི་ཁྲིམས་ཁང་ལ་ཁ་མཆུ་འཛུགས་ཀྱི་ཡོད་པར་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་སྟེ། ཁོ་པས་ལྐོག་ཟ་དང་ཁྲིམས་འགལ་བྱས་པ་རྣམས་གཤམ་འོག་ལས་བྱེད་པ་ཚོས་ཐེར་འདོན་བྱས་ནས་ཨ་མི་རི་ཀའི་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་ཞིབ་འཇུག་བྱེད་ཡོད་པའི་གནས་ཚུལ་ཐོན། པེག་སི་ཊོན་ལ་རང་ཉིད་བཙོན་ཁང་དུ་ཚུད་སྲིད་པའི་གནོང་ཡོད་པས་ཌོ་ནལ་ཊམ་ལ་སྤྲེལ་ལད་འཁྲབ་ནས་འཕོ་འགྱུར་མ་སོང་གོང་དུ་སྲིད་འཛིན་གྱི་ཉེས་ཡངས་འཐོབ་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་ཝི་སི་ཀོན་སན་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པས་སྐྱོན་འཛུགས་བྱས་ཡོད་པར་མ་ཟད། པེན་སི་ཝྭེ་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པས་ཀྱང་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་མངའ་སྡེ་༡༨་གྱི་སྤྱི་ཁྱབ་ཁྲིམས་འཛིན་པ་རྣམས་རིག་འཚོ་ཟིན་གྱི་མེད་པའི་རྟགས་མཚན་རེད། ཁོ་ཚོས་མྱུར་དུ་སྨྱོན་པའི་སྨན་པར་བསྟན་ནས་རང་ལ་སྨན་བཅོས་བྱས་ན་ལེགས་ཞེས་གསར་འགོད་པའི་བཅར་འདྲིའི་སྐབས་སུ་ལན་འདེབས་བྱས་འདུག ཨོ་ཧ་ཡོ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་ཟུར་པ་ཇཱོན་ཁེ་སིས་ཨ་རིའི་མངའ་སྡེ་༡༨་གྱི་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་ཁྲིམས་འཛིན་པ་ཚོས་ཁྲིམས་གཏུག་བྱེད་ཀྱི་ཡོད་པ་ནི་ཐབས་རྡུགས་རེད། མི་དེ་ཚོར་ཀུན་སྤྱོད་དང་ཚུལ་ཁྲིམས་ཀྱི་འདུ་ཤེས་ཏིལ་འབྲུ་ཙམ་ཡང་མེད་པའི་རྟགས་མཚན་རེད་ཅེས་ཁ་རྡུང་བཏང་འདུག

ཊེཀ་སེ་སི་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་པེག་སི་ཊོན་གྱིས་འཇོར་ཇཱི་ཡ་དང་མཱི་ཆི་གྷན། པེན་སིལ་ཝྭེ་ཎི་ཡ་དང་ཝི་སི་ཀོན་སན་བཅས་མངའ་སྡེ་བཞི་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༦༢་ཡོད་པ་རྣམས་ཌོ་ནལ་ཊམ་ལ་འཕེན་དགོས། དེ་ལྟར་བྱུང་ན་སྲིད་འཛིན་ཊམ་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༣༠༦་དང་ཇཱོ་བྷ་ཌན་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༢༣༢་ལས་ཐོབ་མེད་ཅེས་ཆེས་མཐོའི་ཁྲིམས་ཁང་གི་ཞུ་ཡིག་ནང་དུ་དཔང་རྟགས་དང་སྒྲུབ་བྱེད་རྙིང་པ་ཁུངས་མ་འཁྱོལ་བ་རྣམས་བཀོད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཊེཀ་སེ་སི་དང་མངའ་སྡེ་མང་དག་ཅིག་གི་སྤྱི་ཁྱབ་ཁྲིམས་འཛིན་པ་ཚོས་ང་ཚོར་རྒྱབ་སྐྱོར་བྱས་ནས་ཁྲིམས་གཏུག་བྱེད་ཀྱི་འདུག འདི་ནི་ཁྲིམས་གཏུག་ཆེན་པོ་ཞིག་རེད། ང་ཚོའི་རྒྱལ་ཁབ་ལ་རྒྱལ་ཁ་ཞིག་འཐོབ་དགོས་ཀྱི་འདུག་ཅེས་བསྒྲགས། ཕྱི་ཟླ་༡༢་པའི་ཚེས་༡༤་ཉིན་ཨ་རིའི་མངའ་སྡེ་ཁག་གི་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོས་དངོས་སུ་སྲིད་འཛིན་གཙོ་གཞོན་གཉིས་ལ་འོས་ཤོག་འཕེན་དགོས། མངའ་སྡེ་རེར་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་ཅི་ཙམ་ཡོད་པ་དེའི་ཚད་མཉམ་ཀྱི་གདན་གྲངས་དང་གྲོས་ཚོགས་གོང་མར་འཐུས་མི་གཉིས་རེའི་ཡོད་པ་དེའི་ཚད་མཉམ་གྱི་གདན་གྲངས། རྒྱལ་ས་ཝ་ཤིང་ཊོན་གྲོང་ཁྱེར་ལ་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་༣་གྱི་གདན་གྲངས་བཅས་ཁྱོན་བསྡོམས་ཨ་མི་རི་ཀར་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་༥༣༨་ཡོད་ཅིང་། འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་རྣམས་མངའ་སྡེ་སོ་སོས་བསྐོ་བཞག་བྱ་དགོས། སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་མངའ་སྡེ་གཅིག་གི་མི་དམངས་ཀྱི་འོས་ཤོག་མང་བ་ཐོབ་ན་འོས་མི་དེར་མངའ་སྡེ་དེའི་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་ཆ་ཚང་འཐོབ་དགོས་། སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༢༧༠་འཐོབ་ན་འོས་མི་དེ་ཨ་རིའི་འདེམས་ཐོན་སྲིད་འཛིན་ལ་འགྱུར། ཨ་མི་རི་ཀར་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་འཐོབ་དགོས་པའི་ལམ་ལུགས་ཤིག་དར་ཡོད་པས་རྒྱལ་ཡོངས་སུ་མི་དམངས་ཀྱི་འོས་ཤོག་གྲངས་མང་ཐོབ་ཀྱང་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་མ་ཐོབ་ན་སྲིད་འཛིན་ལ་འདེམས་ཐོན་འབྱུང་དཀའ། ༢༠༢༠་ལོའི་སྲིད་འཛིན་འོས་འདེམས་སྐབས་སུ་ཇཱོ་བྷ་ཌན་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༣༠༦་དང་སྲིད་འཛིན་ཊམ་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༢༣༢་ཐོབ།།

ད་ལྟ་ཨ་མི་རི་ཀའི་མངའ་སྡེ་༥༠་ཐམ་པས་སྲིད་འཛིན་འོས་འདེམས་ཀྱི་འོས་ཤོག་རྣམས་གྲངས་བཤེར་དང་རྩོད་པ་ཡོད་པ་ཁག་ལ་ཞིབ་འཇུག མཐའ་དོན་མངའ་སྡེ་ཁག་གི་དྲུང་ཆེ་དང་མངའ་སྡེའི་སྤྱི་ཁྱབ་གཉིས་ཀྱིས་འོས་འདེམས་དྲང་སྙོམས་བྱུང་འདུག་ཅེས་ངེས་གཏན་བྱས་ནས་མཚན་རྟགས་བཀོད། ཨ་མི་རི་ཀའི་དབུས་གཞུང་གི་རྒྱལ་ནང་བདེ་འཇགས་ལྷན་ཁང་གིས་ལོ་འདིའི་སྲིད་འཛིན་འོས་འདེམས་ཧ་ཅང་བརྟན་པོ་བྱུང་སོང་ཞེས་ཁྱབ་བསྒྲགས་བྱས་ཤིང་། དེ་ནས་སྲིད་འཛིན་ཊམ་གྱིས་སྲིད་འཛིན་འོས་འདེམས་བརྟན་པོ་བྱུང་སོང་ཞེས་ཁྱབ་བསྒྲགས་བྱེད་མཁན་ལས་སྣེ་དེ་གནས་དབྱུང་བཏང་། འོན་ཀྱང་ཨ་རིའི་དབུས་གཞུང་གི་སྤྱི་ཁྲིམས་འཛིན་པ་བྷིལ་བྷར་གྱིས་ཀྱང་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ལ་གཡོ་ཁྲམ་བྱུང་བའི་དཔང་རྟགས་རྙེད་མ་སོང་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། སྲིད་འཛིན་ཊམ་གྱིས་འཇོར་ཇཱི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་དང་མངའ་སྡེའི་དྲུང་ཆེ། པེན་སི་ཝྭེ་ཎི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཚོ། མཱི་ཆི་གྷན་གྱི་སྤྱི་མཐུན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་ཀྱི་གནད་ཡོད་འཐུས་མི་ཚོར་ཁ་པར་བཏང་བ་དང་ཕོ་བྲང་དཀར་པོར་འབོད་འགུགས། སྐུ་སྒེར་གྱི་ཁྲིམས་རྩོད་པ་མངགས་ནས་འོས་འདེམས་ཀྱི་གྲུབ་འབྲས་ཁག་འཕྲུ་སློག་གཏོང་དགོས། ཁོ་ཚོས་རང་གི་དབང་ཚད་སྤྱད་ནས་མངའ་སྡེ་སོ་སོའི་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་རྣམས་སྤྱི་མཐུན་ཚོགས་པའི་འཐུས་མི་བསྐོ་བཞག་བྱ་དགོས། འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་དེ་རྣམས་སྲིད་འཛིན་ཊམ་ལ་འཕེན་དུ་འཇུག་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་སྤྱི་མཐུན་ཚོགས་པའི་ལས་སྣེ་དེ་དག་གིས་དམངས་གཙོའི་འོས་འདེམས་ཀྱི་གྲུབ་འབྲས་ལ་འགྱུར་བ་གཏོང་གི་མེད་པ་རེད།།

XS
SM
MD
LG