ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༠

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་བཞིས་བརྟན་བཞུགས་བསྟར་འབུལ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་ལྟར། བཞུགས་སྒར་དུ་རྟེན་གཞི་བྱས་པའི་རིགས་ལམ་སློབ་གཉེར་ཁང་མ་ལག་གཉིས་དང་། གཞིས་བྱེས་ལྷ་ངམ་ཕུན་གསུམ། སེར་བྱེས་ཧར་གདོང་ཁང་ཚན། བོད་མིའི་ཚོང་ལས་བདེ་ཚོགས་བཅས་ཐུན་མོང་ནས་མགོན་པོ་མཆོག་ལ་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་རྡོ་རྗེ་སློབ་དཔོན་མཛད་དེ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་གནང་སོང་།

བརྟན་བཞུགས་གྲུབ་མཚམས་གསར་འགོད་པས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་ལ་བརྟན་བཞུགས་གོ་སྒྲིག་ཞུ་ཕྱོགས་དང་དེ་བཞིན་བརྟན་བཞུགས་ཀྱི་དགོས་དམིགས་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་པར། རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་གསུངས་དོན། དབུ་དགེ་དམ་པ་བློ་བཟང་རྒྱ་མཚོས་ཕྱབ་བཏབ་མཛད་པའི་རིགས་ལམ་མ་ལག་གཉིས་ལ་མགོན་པོ་མཆོག་གི་བཀའ་དྲིན་གཞལ་དུ་དཀའ་བ་ཡིན་པས། འདི་ལོ་རིགས་ལམ་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བ་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ཏེ་མི་ལོ་ ༢༥ འཁོར་བའི་དམིགས་བསལ་གྱི་དུས་ཚོད་དང་བསྟུན་ནས་མགོན་པོ་གང་ཉིད་ལ་བཀའ་དྲིན་མཚོན་ཆེད་དང་། དེ་བཞིན་རྒྱལ་བའི་སྐུ་ཚེ་མི་བཤིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་གནང་བ་གསུངས་སོང་ལ། མ་ཟད་ད་རེས་ཀྱི་བརྟན་བཞུགས་འདིའི་ཐོག་ནས་རིགས་ལམ་མ་ལག་གཉིས་ཀྱི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དགོངས་བསྒྲུབ་ཐབས་ལ་ཐུགས་ཕན་གང་མཚམས་ཞིག་གསོས་ཐུབ་པ་བྱུང་ཡོད་པས་སྤྲོ་བ་དང་ཆབས་ཅིག་ད་ལྟའི་དུས་ཚོད་འདིར་དབུ་དགེ་དམ་པ་ཁོང་བཞུགས་མེད་པའི་སྐྱོ་སྣང་ཡང་ཆབས་ཅིག་ཏུ་བྱུང་ཡོད་པ་སོགས་གསུངས་གནང་སོང་།

དེ་བཞིན་གཞིས་བྱེས་ལྷ་ངམ་ཕུན་གསུམ་གྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་མཁྱེན་རབ་མཐར་ཕྱིན་ལགས་ཀྱིས། ད་རེས་ཀྱི་བརྟན་བཞུགས་འདིར་གཞིས་ནས་དངོས་སུ་བཅར་ཐབས་བྲལ་ཡང་དངོས་ཤུགས་ཀྱི་འབྲེལ་བ་ཡོད་ཅིང་། མ་ཟད་ད་རེས་ཀྱི་བརྟན་བཞུགས་འདི་བཞིན་ལྷ་ངམ་ཕུན་གསུམ་གཞིས་བྱེས་གཉིས་ནས་བསྟར་འབུལ་ཞུ་རྒྱུའི་གོ་སྐབས་བྱུང་བ་ཆེས་ཐོག་མ་ཡང་ཡིན་པས་སྐལ་བ་བཟང་པོ་ཡིན་པ་དང་། ད་རེས་བརྟན་བཞུགས་འདི་ཡང་རྩ་བའི་བླ་མའི་སྐུ་ཚེ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་ཚེའི་ཚད་དང་མཉམ་པར་བརྟན་པར་བཞུགས་པའི་རྟེན་འབྲེལ་ཆེད་དུ་བསྟར་འབུལ་ཞུས་པ་ཡིན་པ་སོགས་གསུངས་གནང་སོང་།

གཞན་ཡང་སེར་བྱེས་ཧར་གདོང་ཁང་ཚན་གྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་སློང་བློ་བཟང་ལྷུན་གྲུབ་ལགས་ཀྱིས་ཀྱང་ད་རེས་ཀྱི་བརྟན་བཞུགས་འདིའི་སྟ་གོན་ནས་མཇུག་མ་བསྒྲིལ་བར་དུ་ཁང་ཚན་རང་ནས་དགེ་བཤེས་སུམ་ཅུ་ཆེད་བཅར་གྱིས་སྒྲུབ་ཞག་གནང་རྒྱུ་དང་། དེ་བཞིན་ཁང་ཚན་གྱི་དགེ་འདུན་པ་དང་། ཕྱི་ཕྱོགས་ནས་ཕེབས་པའི་ཁང་ཚན་དང་འབྲེལ་ཡོད་ཀྱང་མང་པོ་ཞིག་ཕེབས་པའི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་བར་དགའ་ཚོར་དང་། དེ་མཚུངས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་གསུངས་གསལ། འཛམ་གླིང་སྤྱི་དང་སྒོས་སུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མངོན་འདོད་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་དགོས་པ་དེ་ཡིན་སྟབས་རྒྱལ་བའི་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་ཆེད་དང་། ད་རེས་ཚོང་པའི་བདེ་ཚོགས་ངོས་ནས་ཚོགས་མི་གྲངས་དྲུག་ཅུ་ལྷག་ཙམ་ཆེད་བཅར་གྱིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གོ་སྐབས་བྱུང་པ་ནི་དགའ་བ་དཔག་མེད་བྱུང་ལ། སྤྱིར་ཆོས་ཕྱོགས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་གལ་ཆེ་ཡང་། དེ་ལས་ཀྱང་གནད་ཆེ་བ་ནི་མགོན་པོ་མཆོག་གི་བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་ཞུ་རྒྱུ་ཡིན་པ་ཡང་གསུངས་གནང་སོང་། གཞི་རྩའི་ཚེ་ལྷ་རྣམ་གསུམ་གྱི་ནང་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་དེ་བཞིན་ཚེ་ཡི་དངོས་གྲུབ་བསྩལ་རྒྱུ་དང་ཚེ་ཡི་བར་ཆད་ཞི་བར་ཁྱད་པར་བའི་ལྷ་ཡིན་སྟབས་མགོན་པོ་གང་གི་སྐུ་ཚེ་བརྟན་པའི་ཆེད་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་དགོས་པ་ཡང་དེ་ཡིན་པ་རེད་འདུག

XS
SM
MD
LG