ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་སྐད་འཕྲིན་འགོག་རྒྱུ་དང་རྒྱ་ནག་ལ་ཚོང་ལས་ཀྱི་གྱོང་གུད། 


༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་སྤྱི་ཚོགས་སུ་དར་ཁྱབ་ཆེ་བའི་རྒྱ་ནག་གི་སྐད་འཕྲིན་བཀོལ་ཆས་བཀག་འགོག་བྱ་རྒྱུའི་འཆར་གཞི་ཡོད་ཅེས་ཁྱབ་བསྒྲགས་བྱས་ནས་ཉི་མ་གཅིག་གི་གཞུག་སྟེ། དེ་རིང་གཟའ་པ་སངས་གཅིག་པུར་རྒྱ་ནག་གི་ཏེང་ཤུན་བཟོ་ཚོང་ཁང་གི་མ་རྐང་རིན་ཐང་ཨ་སྒོར་ཐེར་འབུམ་༣༥་མར་ཆག་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉི་མ་༤༥་ནང་ཚུད་དུ་ཊིཀ་ཊོཀ་བཀོལ་ཆས་ཀྱིས་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཨ་མ་དེར་འབྲེལ་བ་བཅད་ནས་བཀོལ་ཆས་དེ་མེཀ་རོ་སོབ་ཊི་ལྟ་བུའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཞིག་ལ་མ་བཙོངས་ཚེ། ཊིཀ་ཊོཀ་བཀོལ་ཆས་ཀྱིས་ཨ་མི་རི་ཀའི་ས་ཐོག་ཏུ་ཚོང་ལས་གཉེར་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་ཐག་བཅད། ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྐད་འཕྲིན་ཡང་དེའི་ཁོངས་སུ་འཇུག་གི་ཡོད་པར་བལྟས་ན་ཨ་མི་རི་ཀས་རྒྱ་ནག་གི་བཀོལ་ཆས་མང་པོ་ཞིག་ལ་དམ་དྲག་བྱ་རྒྱུའི་རྟགས་མཚན་མངོན། འདི་ནི་ཨ་མི་རི་ཀའི་གཞུང་གིས་མང་ཚོགས་ཀྱི་འཕྲུལ་ཆས་བཀོལ་སྤྱོད་བྱེད་ཕྱོགས་ལ་སྔོན་ཆད་བྱུང་མྱོང་མེད་པའི་ཚོད་འཛིན་བྱེད་ཀྱི་ཡོད་པ་ཞིག་མཚོན་ཐུབ་པར་མ་ཟད། ཨ་རི་བ་ས་ཡ་མང་པོས་རང་གི་ལག་ཐོགས་ཁ་པར་ནང་དུ་ཕབ་ལེན་བྱས་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་བཀོལ་ཆས་ཤིག་ཨ་རིའི་གཞུང་གིས་བཀག་སྡོམ་བྱེད་ཀྱི་ཡོད་པའང་ཐེངས་དང་པོ་རེད་ཅེས་ཉམས་ཞིབ་པ་ཚོས་རྩོམ་ཡིག་བྲིས་འདུག

སྐད་འཕྲིན་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཀྲམ་ཡོད་པའི་རྒྱ་ནག་པའི་ཁ་འཐོར་སྤྱི་ཚོགས་ཁག་གི་མི་གྲངས་ས་ཡ་མང་པོས་རང་གི་ཕ་མ་སྤུན་མཆེད་དང་གྲོགས་པོ་གྲོགས་མོ། ངོ་ཤེས་དང་གཉེན་ཚན། ཚོང་གྲོགས་སོགས་ལ་འབྲེལ་བ་བྱེད་ཐུབ་པའི་བཀོལ་ཆས་འབའ་ཞིག་དེ་ཡིན་ཞིང་། ཐ་ན་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པའི་བོད་པ་བཙན་བྱོལ་བ་ཚོས་ཀྱང་བོད་དུ་ལུས་པའི་ཕ་མ་སྤུན་མཆེད་དང་གྲོགས་པ་གྲོགས་མོ། གཉེན་ཚན་སོགས་ལ་འབྲེལ་བ་བྱ་སྤྱད་གཙོ་བོ་དེར་གྱུར་ནས་སྐད་འཕྲིན་ནི་བོད་ཕྱི་ནང་གི་ཟམ་པ་ལྟ་བུ་ཞིག་ཏུ་གྱུར་འདུག གལ་སྲིད་ཨ་རིའི་གཞུང་གིས་ངོ་མར་སྐད་འཕྲིན་བཀག་ན་བོད་པ་བཙན་བྱོལ་བ་དང་ཞིན་ཅང་གི་ཡུ་གུར་བ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་ཚོ་དང་རྒྱ་ནག་པ་བཅས་མི་གྲངས་ས་ཡ་མང་པོས་བོད་དང་ཞིན་ཅང་། རྒྱ་ནག་བཅས་ལ་འབྲེལ་བ་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་རྒྱུ་ཡིན་འདུག སྐད་འཕྲིན་བརྒྱུད་ནས་མི་ཚོས་འཕྲལ་དུ་ཕན་ཚུན་བརྡ་འཕྲིན་གཏོང་ཐུབ་པ་དང་དངུལ་སྒོར་གཏོང་ལེན་བྱེད་ཐུབ། སྲིད་འཛིན་ཌོ་ནལ་ཊམ་གྱི་བཀའ་ཁྱབ་དེར་ཨ་མི་རི་ཀའི་ཁྲིམས་འོག་ལ་འདུ་ས་ཁག་ཏུ་སྐད་འཕྲིན་བརྒྱུད་ནས་ཚོང་ལས་གཉེར་མི་ཆོག་ཅེས་བཀོད། ཏེང་ཤུན་བཟོ་ཚོང་ཁང་གིས་ཨ་རིའི་སྲིད་འཛིན་གྱི་བཀའ་ཁྱབ་དེར་བསྐྱར་ཞིབ་བྱེད་ཀྱི་ཡོད་ཅེས་བཟོ་ཚོང་ལས་ཁང་དེའི་མགྲིན་ཚབ་པ་ཞིག་གིས་གསར་འགོད་པ་ཚོར་བཤད། ཏེང་ཤུན་བཟོ་ཚོང་ཁང་ལ་ཟླ་བ་རེར་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་མི་གྲངས་དུང་ཕྱུར་༡༢་ཡས་མས་རེ་ཡོད་ཅེས་བསྒྲགས་ཀྱང་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་རྣམས་རྒྱལ་ཁབ་གང་དུ་ཡོད་མེད་ཀྱི་གཞི་གྲངས་ནི་ཕྱིར་བསྒྲགས་བྱས་མེད་ཅིང་། ཉམས་ཞིབ་པ་ཚོས་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་མང་ཆེ་བ་རྒྱ་ནག་ནང་ཁུལ་དུ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཨོན་ཌ་ཞིབ་འཇུག་ཁང་གི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཉམས་ཞིབ་པ་ཧོ་ལེས་བཤད་པ་ལྟར་ན། ད་ལྟའི་བར་དུ་རྒྱ་ནག་གི་ཕྱི་ལོགས་ཀྱི་དྲྭ་རྒྱ་དང་བཀོལ་ཆས་རྣམས་རྒྱ་ནག་གི་སྤྱི་ཚོགས་སུ་ཁྱབ་སྤེལ་གཏོང་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གི་དྲྭ་རྒྱ་དང་བཀོལ་ཆས་རྣམས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་གཏོང་བའི་གོ་སྐབས་བྱུང་བ་རེད། ད་ནས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གི་དྲྭ་རྒྱ་དང་བཀོལ་ཆས་རྣམས་རྒྱལ་སྤྱིའི་ཐོག་ཏུ་བཀག་སྡོམ་ཐེབས་རྒྱུའི་སྔ་ལྟས་ཡིན་སྲིད། རྒྱ་ནག་གི་སྐད་འཕྲིན་ལ་ཨ་རིའི་སྤྱི་ཚོགས་སུ་ཚོང་ལས་རྒྱ་ཆེན་པོ་མེད་པ་དང་སྲིད་འཛིན་ཌོ་ནལ་ཊམ་གྱི་བཀག་སྡོམ་བྱ་འཆར་ཡོད་ཅེས་བསྒྲགས་པ་མཚོན་དོན་ཙམ་ཡིན། འོན་ཀྱང་ཨ་མི་རི་ཀས་ཊིཀ་ཊོཀ་དང་སྐད་འཕྲིན་སོགས་ནས་རྒྱ་བསྐྱེད་དེ་ཏེང་ཤུན་བཟོ་ཚོང་ཁང་གི་རྩེད་ཆས་ཀྱི་བཀོལ་ཆས་རྣམས་ཀྱང་འགོག་སྲིད། དེ་ལྟར་བྱུང་ན་ཏེང་ཤུན་བཟོ་ཚོང་ཁང་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་རེད། ན་ནིང་གཅིག་པུར་ཏེང་ཤུན་བཟོ་ཚོང་ཁང་གིས་ཁེ་སང་བརྒྱ་ཆ་༥༠་ལྷག་ཚོང་བསྒྲགས་དང་དྲྭ་ལམ་གྱི་རྩེད་མོ་ནས་བྱུང་འདུག ཏེང་ཤུན་བཟོ་ཚོང་ཁང་གི་ཡོང་འབབ་བརྒྱ་ཆ་༢༥་ནི་སྐད་འཕྲིན་བརྒྱུད་ནས་དངུལ་སྒོར་གཏོང་ལེན་དང་ཉོ་ཆ་བརྒྱབ་པ་དེའི་མགོ་ནས་བར་ཚ་བླངས་པའི་ཁེ་སང་རེད། བཟོ་ཚོང་ཁང་དེའི་ཡོང་འབབ་བརྒྱ་ཆ་༢༠་ཡས་མས་ཤིག་དྲྭ་ལམ་གྱི་ཚོང་བསྒྲགས་བརྒྱུད་ནས་བྱུང་འདུག་ཅེས་བཤད། ཏེང་ཤུན་བཟོ་ཚོང་ཁང་གིས་དམག་ས་ཞེས་པའི་བཀོལ་ཆས་ནི་ཨ་མི་རི་ཀའི་སྤྱི་ཚོགས་སུ་དར་སྲོལ་ཆེན་པོ་ཡོད་པ་དང་ཕྲུ་གུའི་ལོ་ཚད་ལ་གཞིགས་པའི་དྲྭ་ལམ་གྱི་དམག་འཁྲུག་གི་རྩེད་མོ་རིམ་པ་སྣ་ཚོགས་ཤིག་ཚོང་འགྲེམ་བྱས་ནས་ཨ་སྒོར་དུང་ཕྱུར་མང་པོའི་ཚོང་ལས་ཀྱི་ཁེ་སང་ཡོད་པ་རེད།།

ཁ་སྔོན་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་རྒྱ་ནག་གི་ཡིད་རྟོན་མི་རུང་བའི་བཀོལ་ཆས་རྣམས་ཨ་མི་རི་ཀའི་བཀོལ་ཆས་བཟོ་ཚོང་ལས་ཁང་ཁག་གི་དྲྭ་ལམ་ནས་གཙང་དག་བཟོ་དགོས་ཞེས་བཤད། ཡིན་ནའང་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་བཀོལ་ཆས་རྣམས་གཙང་དག་ཇི་ལྟར་བཟོ་རྒྱུ་ཡིན་མིན་གྱི་འཆར་གཞི་ཞིབ་ཕྲའམ། ཡང་ན་དེ་ལ་ཨ་རིའི་སྒེར་གྱི་བཟོ་ཚོང་ལས་ཁང་ཁག་གི་རྒྱབ་སྐྱོར་འཐོབ་དགོས་མིན་རྣམས་གསལ་པོར་མ་བཀྲལ། ཨ་མི་རི་ཀའི་ཉམས་ཞིབ་པ་ཚོས་སྲིད་འཛིན་གྱི་བཀའ་ཁྱབ་དེས་ཨ་རིའི་ཀུ་ཤུ་དང་གྷུ་གྷལ་བཟོ་ཚོང་ལས་ཁང་གཉིས་ལ་ཉི་མ་༤༥་རྗེས་སུ་རྒྱ་ནག་གི་ཊིཀ་ཊོཀ་དང་སྐད་འཕྲིན་གཉིས་ཨ་མི་རི་ཀ་ནས་ཕབ་ལེན་བྱེད་མི་ཐུབ་པ་དང་བཀོལ་སྤྱོད་མེད་པ་ཞིག་ཏུ་གཏོང་དགོས་ཞེས་བཀོད་ཁྱབ་བཏང་འདུག རྒྱ་ནག་གི་ས་ཐོག་ཏུ་ཨ་མི་རི་ཀའི་ཀུ་ཤུ་དང་གྷུ་གྷལ་བཟོ་ཚོང་ཁག་གཉིས་ཀས་རང་གི་དྲྭ་ལམ་དུ་ཊིཀ་ཊོཀ་དང་སྐད་འཕྲིན་གྱི་བཀོལ་ཆས་གཉིས་བསུབ་དགོས་མིན་ཐག་གཅོད་གསལ་པོ་ཞིག་མི་འདུག འོན་ཀྱང་སྐད་འཕྲིན་ནི་རྒྱ་ནག་མི་དམངས་དུང་ཕྱུར་མང་པོའི་ཉིན་རེའི་འཚོ་བར་འབྲེལ་བ་ཡོད་པས་སྐད་འཕྲིན་མེད་པར་བཏང་ན་རྒྱ་ནག་ཁོ་ན་མིན་པར་ཨ་མི་རི་ཀའི་ཀུ་ཤུ་བཟོ་ཚོང་ཁང་དང་གྷུ་གྷལ་བཟོ་ཚོང་ཁང་གཉིས་ལའང་ཨ་སྒོར་ཐེར་འབུམ་མང་པོའི་གྱོང་གུད་འཕོག་གི་རེད། དཔེར་ན་ཊིཀ་ཊོཀ་དང་སྐད་འཕྲིན་གྱི་བཀོལ་ཆས་རྣམས་ཕབ་ལེན་བྱེད་མི་ཐུབ་པའི་ཀུ་ཤུའི་ཁ་པར་ཞིག་རྒྱ་ནག་གི་ཁྲོམ་རའི་ནང་དུ་གཏན་ནས་འཚོང་རྒྱུ་མིན་པས་ཨ་རིའི་ཀུ་ཤུ་བཟོ་ཚོང་ཁང་ལ་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་ལས་མེད་པར་འགྱུར་རྒྱུ་རེད་ཅེས་ཉམས་ཞིབ་པ་ཚོས་བཤད་འདུག

ཝ་ཤིང་ཊོན་གྱི་ཨ་མི་རི་ཀ་གསར་པ་ཞེས་པའི་ཉམས་ཞིབ་ཁང་གི་གྲངས་རྟགས་ཉམས་ཞིབ་པ་ཝེབ་སི་ཊར་གྱིས་བཤད་པ་ལྟར་ན། སྲིད་འཛིན་ཌོ་ནལ་ཊམ་གྱི་བཀའ་ཁྱབ་དེ་ཚོ་ལག་ལེན་བསྟར་ཁག་པོ་རེད། རྒྱ་ནག་གི་བཀོལ་ཆས་རྣམས་བེད་སྤྱོད་བཏང་ན་རྒྱ་གཞུང་གིས་དྲྭ་ལམ་བརྒྱུད་ནས་ཨ་མི་རི་ཀའི་སྤྱི་སྒེར་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་པ་དང་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་བྱ་དགོས་པའི་ཁྲིམས་ལ་འགལ་འཛོལ་བྱེད་ཀྱི་ཡོད་པའི་དཀའ་ངལ་ཞིག་ཡོད་པ་བདེན་པ་རེད། གལ་སྲིད་འཆར་གཞི་འདི་དོན་འཁྱོལ་ཡོང་དགོས་ན་ཐབས་ཇུས་རྒྱ་ཆེན་པོ་ཞིག་དགོས་ཀྱི་འདུག ཨ་མི་རི་ཀའི་ཚོང་ལས་མཐུན་ཚོགས་ཀྱིས་དེ་ལ་ངོ་རྒོལ་བྱས་ནས་ལག་ལེན་བསྟར་དུ་འཇུག་རྒྱུ་མིན་པ་དང་མི་མང་གིས་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་སྲིད་ཇུས་འདི་ལག་ལེན་བསྟར་དུ་འཇུག་མི་སྲིད། སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ངར་སྐད་བསྒྲགས་ཀྱང་ལས་དོན་ལག་ལེན་བསྟར་མ་ཐུབ་པ་དང་ནར་འགྱངས་གཏོང་དགོས་པ་ཇི་སྙེད་ཅིག་བྱུང་ཡོད་ཅེས་བཤད། ཏེང་ཤུན་བཟོ་ཚོང་ཁང་གི་ཕྱི་རྒྱལ་གྱི་ཚོང་ལས་སྡེ་ཚན་གྱི་མགྲིན་ཚབ་པ་ལེང་ཞེས་པ་ཞིག་གིས་ཨ་མི་རི་ཀས་ང་ཚོའི་བཟོ་ཚོང་ཁང་དམིགས་འབེན་དུ་བཟུང་ནས་ཚོང་ལས་བཀག་སྡོམ་རྒྱ་ཆེ་ཙམ་བྱ་རྒྱུའི་ཉེན་ཁ་ཡོད་པ་འདྲ། ད་ལྟ་གནས་སྐབས་ཤིག་གི་རིང་ལ་ཏེང་ཤུན་བཟོ་ཚོང་ཁང་གི་ཕྱི་རྒྱལ་གྱི་ཚོང་ལས་དེ་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་ངེས་གཏན་མིའདུག་ཅེས་བཤད།།

སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་བརྡ་འཕྲིན་བཟོ་ཚོང་ཁང་། ཏེང་ཤུན་བཟོ་ཚོང་ཁང་སོགས་རྒྱ་ནག་གི་དམག་དང་གསང་བའི་ལས་ཁང་ལ་འབྲེལ་བ་འདུག རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་བརྡ་འཕྲིན་མ་ལག་དང་བཀོལ་ཆས་སོགས་ཅི་ཞིག་བཀོལ་སྤྱོད་བྱས་ཀྱང་རྒྱ་ནག་གི་གསང་བའི་ལས་ཁང་གིས་ཤེས་རྟོགས་ཐུབ་ཀྱི་འདུག་ཅེས་ཨ་མི་རི་ཀ་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་ཚོར་ཚོང་འབྲེལ་གཅོད་དུ་འཇུག་རྒྱུ་འགོ་ཚུགས། ད་སྔ་ཨ་མི་རི་ཀ་དང་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་བཀག་སྡོམ་མ་བྱས་པའི་སྟབས་ཀྱིས་ཧྭ་ཝེ་དང་ཀྲུང་ཞིན། ཏེང་ཤུན་སོགས་ཨ་སྒོར་དུང་ཕྱུར་མང་པོའི་མ་རྩ་ཅན་གྱི་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་ལ་འགྱུར་ཐུབ་ཡོད། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་ཚོར་ཚོང་འབྲེལ་བཅད་ན་ཧྭ་ཝེ་དང་ཀྲུང་ཞིན། ཏེང་ཤུན་ལྟ་བུའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་རྣམས་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་ལ་འགྱུར་མི་ཐུབ་པར་རྒྱ་ནག་དང་དེའི་ཉེ་འཁོར་གྱི་ས་གནས་ཁག་གི་བཟོ་ཚོང་ལས་ཁང་ཁག་ལ་འགྱུར་རྒྱུ་ལྡོག་ཏུ་མེད་པས་བློ་འཚབ་ཆེན་པོ་བྱ་དགོས་པ་ཞིག་ལ་གྱུར་འདུག ད་ལོའི་ཕྱི་ཟླ་༡༡་པར་ཨ་མི་རི་ཀར་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པ་དང་ཌོ་ནལ་ཊམ་ལ་འོས་འདེམས་ཀྱི་ཕམ་ཉེས་འབྱུང་རྒྱུའི་ཉེན་ཁ་ཡོད་པས་རྒྱ་ནག་ལ་འབྲེལ་བ་འཛིན་ཕྱོགས་སྔར་ལས་ཇེ་མཁྲེགས་སུ་གཏོང་གི་ཡོད་པ་རེད།།

XS
SM
MD
LG