ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༦/༡༦

མོན་པ་ཚོས་རྒྱ་ནག་གི་ས་ཁྲ་གསར་པར་དགག་པ་བརྒྱབ།   


༄༅།། རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་མོན་པ་ཚོས་རྒྱ་ནག་གིས་ཚད་ལྡན་ས་ཁྲ་གསར་པ་ཟེར་བ་ཞིག་བཏོན་པར་ངོ་རྒོལ་དང་མོན་ཡུལ་ནི་གཏན་དུ་རྒྱ་གར་གྱི་མངའ་སྡེ་ཞིག་གི་ངོ་བོར་གནས་རྒྱུ་རེད་ཅེས་རྒོལ་གཏམ་བཏང་བའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༡་ཉིན་ཨ་སམ་སན་ཊི་ནེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཕྱི་ཟླ་༨་པའི་ནང་རྒྱ་ནག་གིས་ཚད་ལྡན་ས་ཁྲ་གསར་པ་ཟེར་བ་ཞིག་བཏོན། ས་ཁྲ་དེའི་ནང་དུ་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་གཟེ་ལ་དང་སེངྒེ་རྫོང་། སྟང་ལུང་རྫོང་དང་ཝ་མོ་རི། མདེའུ་རི་དང་ལྷུན་གྲུབ་རི། མ་ནི་སྒང་དང་གཤེན་གཡོག་མོ་ཆུ། གུ་མིང་ཤིང་རྩེ་དང་ཏུ་ཏིང་། མིག་ཕན་དང་ཏུ་ལན་ཆུ། མགོ་གླིང་དང་གཏམས་པ། མེ་ལྕག་བཅས་ས་གནས་ཁག་༡༥་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་ཞེས་བཀོད།།

མོན་ཡུལ་གྱི་སེང་ནུབ་དང་མཁར་སེར་ནང་ གངས་དཀར་གྲོང་ཚོ་བཅས་ཀྱི་ཡུལ་མི་ཚོས་ང་ཚོ་ནི་ཞི་བདེའི་ཁོར་ཡུག་ཅིག་ཏུ་འཚོ་གནས་བྱེད་བཞིན་ཡོད། རྒྱ་གར་གྱི་དམག་དང་གཞུང་གི་སྲུང་སྐྱོབ་འོག་ཏུ་ང་ཚོར་བདེ་འཇགས་འདུག སྲིད་བློན་མོ་དྷི་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོའི་འགོ་ཁྲིད་འོག་མཐའ་མཚམས་ཀྱི་གྲོང་ཚོ་ཁག་ཡར་རྒྱས་བཏང་ནས་གྲུབ་འབྲས་ཐོན་ཡོད། སྔོན་ཆད་ང་ཚོའི་གྲོང་གསེབ་ཁག་ཏུ་རྒྱ་ལམ་གཏན་ནས་བདེ་པོ་མེད། ད་ལྟའི་སྲིད་གཞུང་གིས་རྒྱ་ལམ་དང་ཟམ་པ། ཕུག་ལམ་སོགས་འཛུགས་སྐྲུན་བྱས་ནས་གྲོང་གསེབ་པ་ཚོར་འགྲིམ་འགྲུལ་དང་སྐྱེལ་འདྲེན་རྣམས་སྟབས་བདེ་རུ་བཏང་སོང་ཞེས་བསྔགས་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

མོན་ཡུལ་གྱི་མཐའ་མཚམས་གྲོང་གསེབ་ཁག་གི་མི་མང་རྣམས་ཞིང་པ་ཡིན་པ་དང་རྒྱ་གར་གཞུང་གིས་སོ་ནམ་པ་ཚོར་རོགས་སྐྱོར་བྱེད་ཀྱི་ཡོད་ཅིང་། གྲོང་གསེབ་པ་ཚོ་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གི་འཛིན་སྐྱོང་ལ་བློ་ཁ་ཚིམས། གངས་དཀར་གྲོང་ཚོའི་དཀར་ཆུང་ཞེས་པའི་ཡུལ་མི་ཞིག་གིས་ང་ཚོ་རྒྱ་གར་གྱི་སྤྱི་དམངས་ཡིན་པར་དགའ་སྤོབས་ཡོད། ང་ཚོས་རྒྱ་གར་གཞུང་དང་དམག་མིར་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་རྩོད་ཀྱི་ཡོད་ཀྱང་མོན་ཡུལ་ནི་རྒྱ་གར་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ང་ཚོས་རྒྱ་ནག་ལ་ནམ་ཡང་མགོ་སྒུར་རྒྱུ་མིན། གལ་སྲིད་དགོས་མཁོ་བྱུང་ན་ང་ཚོ་རྒྱ་གར་གྱི་དམག་ཁོངས་སུ་ཞུགས་ནས་རྒྱ་ནག་ལ་འཐབ་རྒོལ་བྱ་འཆར་ཡོད་ཅེས་གསར་འགོད་པར་གླེང་མོལ་བྱས་ལུགས་ཀྱི་གནས་ཚུལ་སྤེ་འདུག

༢༠༢༣་ལོའི་ཕྱི་ཟླ་༢་པའི་ཚེས་༡༥་ཉིན་རྒྱ་གར་དབུས་གཞུང་གིས་ཧིན་སྒོར་བྱེ་བ་༢༥༠༠་འགྲོ་གྲོན་བཏང་ནས་ས་མཚམས་སུ་རྒྱ་ལམ་འཛུགས་སྐྲུན་བྱ་རྒྱུ་དང་ས་མཚམས་ཀྱི་གྲོང་གསེབ་པའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཐག་བཅད། རྒྱ་གར་གཞུང་གིས་ས་མཚམས་ཀྱི་གྲོང་གསེབ་ཁག་ཡར་རྒྱས་གཏོང་རྒྱུའི་འཆར་གཞིའི་ཁོངས་སུ་ཨ་རུ་ན་ཅལ་དང་ཧི་མ་ཅལ། འབྲས་ལྗོངས་དང་ཨུ་ཏྲ་ཁན། རྒྱ་གར་དབུས་གཞུང་གིས་ཐད་སྐྱོང་མཁའ་ཁུལ་གསར་པ་ལ་དྭགས་བཅས་ཀྱི་རྫོང་ཁག་༡༩་དང་གྲོང་གསེབ་༤༩་ཚུད་འདུག རྒྱ་ནག་གིས་ཧིན་བོད་ས་མཚམས་ཁག་ཏུ་འཛུགས་སྐྲུན་བྱས་ནས་དམག་དོན་ལ་མཁོ་བའི་མཐུན་རྐྱེན་རྣམས་ཅི་ཙམ་ཡར་རྒྱས་བཏང་ན་རྒྱ་གར་གྱིས་ཀྱང་མཐའ་མཚམས་ཀྱི་འཛུགས་སྐྲུན་ལས་དོན་དང་མཐའ་མཚམས་ཀྱི་ཡུལ་མིའི་འཚོ་བ་ཡར་རྒྱས་བཏང་ནས་རྒྱ་ནག་ལ་འགྲན་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༢༩་ཉིན་རྒྱ་གར་གྱི་ཛཱི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་དཀར་ནག་གཉིས་ཀས་གྲོས་མཐུན་ཐེངས་འགའ་ཞིག་བཞག་ཀྱང་རྒྱ་ནག་གིས་ཡང་ནས་ཡང་དུ་རྒྱ་གར་གྱི་ས་ཆ་འཕྲོག་ཐབས་བྱས་ཏེ་ཕྱོགས་གཉིས་ཀྱི་འགལ་ཟླ་རྣམས་སེལ་ཐུབ་ཀྱི་མི་འདུག རྒྱ་ནག་གིས་རྒྱ་གར་གྱི་ས་ཆ་ཕྲོགས་ཏེ་རྒྱ་དཀར་ནག་གི་དམག་དཔུང་རྣམས་དབང་བསྒྱུར་ས་ཐིག་ཁག་ཏུ་འཁྲུག་རྩོད་འབྱུང་ས་གཙོ་བོ་ཞིག་མོན་ཡུལ་རེད། ༢༠༢༢་ལོར་མོན་ཡུལ་དུ་རྒྱ་དཀར་ནག་གི་དམག་དཔུང་འཁྲུག་རྩོད་ཆེན་པོ་བྱུང་ཞིང་། རྒྱ་ནག་གི་དམག་མི་༣༠༠་ལྷག་གཡང་རྩེ་ནས་དཔུང་འཛུལ་བྱས་ཏེ་རྒྱ་གར་གྱི་དམག་མིའི་སོ་ཁང་ཞིག་གཏོར། རྒྱ་དམག་གི་ལག་ཏུ་གཟེ་མ་ར་མགོ་ཅན་གྱི་རྒྱུག་པ་ཐོགས་ཀྱང་རྒྱ་གར་གྱི་དམག་གིས་རྒོལ་ལན་ཚུལ་བཞིན་བསློགས་ཐུབ་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

ད་ལྟ་མོན་ཡུལ་གྱི་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་འཁྲུག་རྩོད་བྱུང་ནས་ཟླ་བ་༡༠་ལྷག་ཕྱིན་ཀྱང་རྒྱ་ནག་གིས་ཅིའི་ཕྱིར་མོན་ཡུལ་གྱི་བདག་དབང་རྩོད་ཀྱི་ཡོད་པ་དང་། རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་མོན་ཡུལ་ཅི་ཙམ་གནད་འགག་ཆེན་པོ་ཡིན་པ་སོགས་ལ་བསམ་བློ་གཟབ་ནན་གཏོང་དགོས་ཀྱི་འདུག་ཅེས་གནས་ཚུལ་སྤེལ། ཛཱི་གསར་ཁང་གི་གསར་འགོད་པ་རྟ་དབང་ནས་མཐའ་མཚམས་ཀྱི་སོ་ཁང་བར་དུ་དུས་ཡུན་ཆུ་ཚོད་༥་ལ་རླངས་འཁོར་བཏང་ནས་རྟོག་ཞིབ་ཏུ་བསྐྱོད། ཛཱི་གསར་ཁང་གི་གསར་འགོད་པས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་དང་དམག་དོན་གྱི་གསང་བའི་གནས་ཚུལ་རྣམས་ཕྱི་ལ་མི་སྒྲོགས་པའི་ཆེད་དུ་མཐའ་མཚམས་སུ་འགྲེམ་འཇོག་བྱེད་ཡོད་པའི་རྒྱ་གར་གྱི་དམག་གི་སྟོབས་ཤུགས་ཆེ་ཆུང་གསལ་བཀྲོལ་བྱས་མེད་མོད། འོན་ཀྱང་རྒྱ་གར་གྱི་དམག་གིས་གནད་འགག་ཆེ་བའི་དམག་ས་ཁག་བཟུང་ཡོད་པ་དང་རྒྱ་གར་གྱི་མཐའ་མཚམས་ཁག་སྲུང་སྐྱོབ་དམ་པོ་བྱེད་ཀྱིན་འདུག་ཅེས་གསར་འགྱུར་སྤེལ་འདུག

རྒྱ་གར་གཞུང་གིས་ཕྱོགས་གཅིག་ནས་ས་མཚམས་སུ་དམག་དཔུང་བཀྲམ་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་མོན་ཡུལ་གྱི་བདག་དབང་ནམ་ཡང་བློས་གཏོང་རྒྱུ་མིན་པའི་ཆོད་སེམས་བཙུགས། རྒྱ་གར་གཞུང་དང་མངའ་སྡེ་གཞུང་། རྒྱ་གར་གྱི་དམག་དཔུང་གིས་ཕྱོགས་གཞན་ཞིག་ནས་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཚོགས་འདུ་ལྟ་བུའི་རྒྱལ་སྤྱིའི་ཚོགས་འདུ་ཁག་ཨ་རུ་ན་ཅལ་མངའ་སྡེརར་ཚོགས་ནས་མོན་ཡུལ་རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་པ་གསལ་སྟོན། ད་དུང་མོན་ཡུལ་དུ་རྩེད་རིགས་འགྲན་སྡུག་ཚོགས་ནས་རྒྱ་གར་ལ་འདྲེས་ཐབས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་སྟེ། ད་ལོ་མོན་ཡུལ་དུ་རྒྱུག་འགྲན་ཞིག་ཚུགས་ནས་རྒྱ་གར་གྱི་མཚོ་དམག་དང་གནམ་དམག སྐམ་དམག་སོགས་དམག་མི་༢༣༠༠་ལྷག་རྒྱུག་འགྲན་དེར་མཉམ་ཞུགས་བྱས་ནས་གྲུབ་འབྲས་ཆེན་པོ་ཐོན། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་ལོ་རྗེས་མར་མོན་ཡུལ་གྱི་རྒྱུག་འགྲན་ཆེན་མོ་རྒྱལ་སྤྱིའི་ཅན་དུ་བསྒྱུར་འཆར་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག

མོན་ཡུལ་གྱི་རྒྱུག་འགྲན་ཆེན་མོར་མི་༢༣༠༠་ལྷག་མཉམ་ཞུགས་བྱས་པའི་གྲས་སུ་བུད་མེད་རྒྱུག་འགྲན་པ་༥༡༡་ཡོད་པར་མ་ཟད། རྒྱ་གར་ལ་མངའ་སྡེ་༢༨་དང་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་༨་ཡོད་པ་དེ་དག་གི་གྲས་ནས་མངའ་སྡེ་༢༥་ནས་འགྲན་སྡུར་བ་རྣམས་མོན་ཡུལ་གྱི་རྒྱུག་འགྲན་ཆེན་མོར་མཉམ་ཞུགས་བྱས་ཤིང་། མོན་ཡུལ་གྱི་རྒྱུག་ལམ་དེ་རྒྱ་མཚོ་ནས་མཐོ་ཚད་ཧྥི་ཊི་༡༠༠༠༠་ལྷག་གི་ཡན་ཆད་དུ་ཡོད་པ་དང་རྒྱུག་འགྲན་པ་ཚོར་མཁའ་དབུགས་ཀྱི་དཀའ་ངལ་ཕྲད་ཀྱང་ལེགས་འགྲུབ་བྱུང་། སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་གཙོས་རྒྱུག་འགྲན་པ་རྣམས་ཚངས་དབྱངས་རྒྱ་མཚོའི་མཐོ་སྒང་རྩེད་འགྲན་ཐང་ནས་འགྲན་སྡུར་ལ་ཞུགས། ལྟད་མོ་བ་ཚོས་ཀི་བཏབ་ནས་རྒྱུག་འགྲན་པ་ཚོར་རྒྱབ་སྐྱོར་གྱི་སྐད་སྒྲ་སྒྲོགས། རྒྱ་གར་གྱི་དམག་སྤྱི་གཞོན་པ་མ་ནི་ཤ་ཨེ་རིས་ལོ་རྗེས་མར་རྒྱ་གར་ཁོ་ན་མིན་པར་ཕྱི་རྒྱལ་གྱི་རྒྱུག་འགྲན་པ་རྣམས་ཀྱང་མོན་ཡུལ་གྱི་རྒྱུག་འགྲན་ཆེན་མོར་མཉམ་ཞུགས་བྱེད་ཐུབ་པའི་གདེང་ཚོད་ཡོད་ཅེས་བཤད་འདུག

XS
SM
MD
LG