ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལྟད་མོ་ཤིན་ཏུ་ཆེ་བའི་༢༠༢༣་ལོའི་རྟ་དབང་གི་དུས་སྟོན་འགོ་འཛུགས།


༄༅།། རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་མོན་པ་ཚོས་ཡུན་རིང་རེ་སྒུག་བྱས་པའི་༢༠༢༣་ལོའི་རྟ་དབང་གི་དུས་སྟོན་དངོས་སུ་འགོ་ཚུགས་ཡོད་ཅིང་། ཕྱི་ཟླ་༡༡་པའི་ཚེས་༨་ཉིན་དེ་རིང་གི་བྱང་ཤར་ཞེས་པའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་རྟ་དབང་གི་དུས་སྟོན་སྐབས་སུ་མོན་པ་ཚོས་གངས་སེང་དང་གཡག་གི་འཆམ་བརྒྱབ། མོན་པའི་ཐུན་མོང་མ་ཡིན་པའི་གླུ་གར་འཁྲབ་སྟོན་དང་མོན་ཡུལ་གྱི་རིག་གཞུང་ཕྱུག་པོ་དེ་འཁྲབ་སྟོན་གྱི་ལམ་ནས་ཕྱི་ལ་བསྟན་ཏེ་དུས་སྟོན་ཚུགས། འདས་པའི་ལོ་གསུམ་ལ་པྲོག་དབྱིབས་ནད་དུག་དང་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་འཁྲུག་རྩོད་འབྱུང་གྲབས་བྱས་པ་སོགས་ཀྱིས་རྟ་དབང་གི་དུས་སྟོན་ཆ་ཚང་ཞིག་ཚོགས་ཐུབ་མེད་པའི་གནས་ཚུལ་ཐོན་འདུག

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་རྟ་དབང་གི་དུས་སྟོན་ལ་མཉམ་ཞུགས་བྱས་ནས་མོན་པའི་ལོ་རེའི་དུས་སྟོན་འདི་སླར་གསོ་བྱུང་བར་དགའ་ཚོར་གྱིས་བརྟས་པའི་རྣམ་འགྱུར་བསྟན། ཁོང་གིས་རྟ་དབང་གི་དུས་སྟོན་ལྟ་བུའི་རིག་གཞུང་གི་བྱེད་སྒོ་ཁག་བརྒྱུད་ནས་ཨ་རུ་ན་ཅལ་མངའ་སྡེའི་མི་རིགས་དང་ཆོས་ལུགས་མ་འདྲ་བའི་ཚོགས་སྡེ་ཁག་འཆམ་མཐུན་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། མངའ་སྡེ་དེར་བཟང་ཕྱོགས་ཀྱི་ལེགས་སྐྱེས་འབུལ་ཐུབ་ཅེས་གཏམ་བཤད་བྱས་འདུག ལོ་གསུམ་གྱི་རྗེས་སུ་རྟ་དབང་གི་དུས་སྟོན་སླར་གསོ་ཐུབ་པ་ནི་ས་གནས་མི་དམངས་ཀྱིས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་ཞིག་ཏུ་བརྩིས་ཏེ་དགའ་ཚོར་ཆེན་པོ་བྱུང་བའི་གནས་ཚུལ་ཐོན་འདུག

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་
ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་

རྟ་དབང་གི་དུས་སྟོན་ཐེངས་༨་པ་དེར་མོན་ཡུལ་གྱི་མངའ་སྡེ་གྲོས་ཚོགས་འཐུས་མི་ཚེ་རིང་བཀྲ་ཤིས་དང་ཚེ་རིང་ལྷ་མོ། འབྲུག་ཡུལ་དང་ཕྱིའི་རྒྱལ་ཁབ་ཁག་གི་སྐུ་མགྲོན། རྒྱ་གར་རྒྱལ་ནང་གི་སྐུ་མགྲོན་རྣམས་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་མཉམ་ཞུགས་བྱས་ཤིང་། རྟ་དབང་གི་དུས་སྟོན་སྐབས་སུ་ས་གནས་མི་དམངས་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ་ལྟད་མོ་ཆེན་པོ་བལྟ་རྒྱུ་ཡོད་པར་མ་ཟད། རྟ་དབང་གི་ཁྲོམ་ར་ཁག་ཏུ་མི་ཚོགས་འདུས་ནས་འཁྲུག་ཆ་ཇེ་དོད་དུ་སོང་། ས་གནས་ཀྱི་མགྲོན་ཁང་ཁག་དང་ཟ་ཁང་། ཚོང་ཁང་ཁག་ལ་ཚོང་ལས་ཀྱི་ཡོང་འབབ་ཆེན་པོ་ཐོབ། དེ་བཞིན་ས་གནས་མི་མང་གི་ཐོན་སྐྱེད་ཀྱང་ཉོ་ཚོང་བྱེད་པའི་དུས་སྐབས་ཡག་པོ་ཞིག་ཏུ་གྱུར། རྟ་དབང་གི་དུས་སྟོན་ནི་མོན་པའི་རིག་གཞུང་གཅེས་འཛིན་དང་ཡུལ་ལུང་ཁྱབ་བསྒྲགས། རྒྱལ་ཁབ་ཕྱི་ནང་གཉིས་སུ་མོན་ཡུལ་དང་མོན་པ། མོན་པའི་རིག་གཞུང་རྣམས་མཚམས་སྦྱོར་བྱེད་པའི་གོ་སྐབས་རྨད་དུ་བྱུང་བ་ཞིག་ཡིན་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༡་པའི་ཚེས་༩་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་མོན་ཡུལ་གྱི་དུས་སྟོན་སྐབས་སུ་རྟ་དབང་དགོན་པར་ལྟ་སྐོར་དུ་བསྐྱོད་དགོས། རྟ་དབང་དགོན་པ་ནི་རྒྱ་གར་གྱི་མངའ་ཁོངས་གཏོགས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཆེ་ཤོས་དང་འཛམ་གླིང་གི་དགོན་པ་ཆེ་ཤོས་ཨང་གཉིས་པ་རེད། མི་ཕལ་ཆེ་བས་རྟ་དབང་དགོན་པའི་བྱུང་རབས་དང་དེའི་རིན་ཐང་། གོ་ལའི་ཁྱོན་གྱི་སྒྲུབ་པ་ཉམས་ལེན་པ་ཚོས་རྟ་དབང་དགོན་པ་གནས་མཆོག་ཅིག་ཏུ་རྩི་བཞིན་པ་རྣམས་ཤེས་ཀྱི་མི་འདུག རྟ་དབང་དགོན་པར་ལོ་༤༠༠་ལྷག་གི་ལོ་རྒྱུས་ཡོད་པ་དང་རྒྱ་མཚོ་ནས་ཧྥི་ཁྲུ་༡༠༠༠༠་ཡས་མས་ཤིག་གི་ཡན་ཆད་དུ་ཆགས་འདུག རྟ་དབང་དགོན་པའི་ཉེ་འཁོར་གྱི་ཡུལ་ལྗོངས་ལྟ་ན་སྡུག་པ་དག་གིས་སྐྱེ་བོ་ཀུན་གྱི་ཡིད་སེམས་དབང་མེད་དུ་འཕྲོག་གི་འདུག་ཅེས་གསར་འགྱུར་སྤེལ་འདུག

རྒྱ་གར་གྱི་དུས་བབ་ཚགས་པར་གྱི་རྩོམ་ཡིག་ནང་དུ་དེང་སྐབས་ཡོངས་གྲགས་སུ་རྟ་དབང་དགོན་པ་ཞེས་འབོད་པའི་དགོན་པ་འདིའི་མཚན་བྱང་ངོ་མ་ནི་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་རེད། དེ་ནི་དུས་རབས་༡༧་པའི་ནང་དུ་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་ཞེས་པ་ཞིག་གིས་ཕྱག་བཏབ། ཁོང་ཏཱ་ལའི་བླ་མ་སྐུ་ཕྲེང་༥་པ་ངག་དབང་བློ་བཟང་རྒྱ་མཚོའི་སློབ་མ་ཞིག་རེད། རྟ་དབང་དགོན་པ་ནི་བོད་བརྒྱུད་ནང་བསྟན་ལ་ཆོས་རྒྱུད་འགའ་ཞིག་ཡོད་པ་དེ་དག་གི་གྲས་ཀྱི་རི་བོ་དགེ་ལུགས་པའི་ཆོས་སྡེ་ཞིག་རེད་ཅེས་འཁོད། ཆོས་འབྱུང་དང་ཡིག་ཆ་གཞན་དུ་རྟ་དབང་དགོན་པ་༡༦༨༠་ལོར་རྨང་གཞི་བཏིངས། ༡༦༨༡་ལོར་དགོན་པ་ལེགས་གྲུབ་བྱུང་། མེ་རག་བླ་མའི་འཁྲུངས་ཡུལ་མེ་རག་ཡིན་པས་མཚན་ལ་མེ་རག་བླ་མ་ཞེས་ཐོགས། རྟ་དབང་དགོན་པ་ཕྱག་བཏབ་པའི་དུས་སུ་ས་གནས་དེའི་འབྲུག་པ་བཀའ་བརྒྱུད་པ་ཚོས་མེ་རག་བླ་མ་འཁོར་དང་བཅས་པར་སུན་གཙེར་བྱས་ནས་སྐུ་མཉེལ་པོ་བྱུང་བའི་བཤད་རྒྱུན་ཞིག་འདུག་ཅེས་གསལ།།

རྒྱ་གར་གྱི་དུས་བབ་ཚགས་པར་གྱི་གསར་འགོད་པས་མུ་མཐུད་དུ་བྲིས་པ་ལྟར་ན། རྟ་དབང་དགོན་པའི་བཟོ་བཀོད་ནི་ངོ་མཚར་ཅན་ཞིག་རེད། དགོན་པའི་ཚོགས་ཆེན་འདུ་ཁང་དང་ལྷ་ཁང་ཁག་གི་བཟོ་བཀོད་ལ་བོད་པ་དང་རྒྱ་གར་བའི་བཟོ་བཀོད་ཀྱི་རྣམ་པ་འདྲེས་མ་ཞིག་མངོན། དགོན་པའི་ནང་དུ་སངས་རྒྱས་ཀྱི་སྐུ་བརྙན་བཞེངས་ཡོད་པ་དང་ལྡེབས་རིས་ངོས་སུ་ཐང་ཀ་བྲིས། རྟ་དབང་དགོན་པ་དེ་མོན་ཡུལ་གྱི་སྐྱ་སེར་གཉིས་ཀྱིས་ཕྱག་མཆོད་བྱ་ཡུལ་དང་སྒྲུབ་པ་ཉམས་ལེན། ཟང་ཟིང་གི་འདུ་འཛི་ལ་གཡོལ་ས་མཆོག་ཏུ་གྱུར་པ་ཞིག་རེད། ཞི་བདེ་བག་ཕེསབ་ཀྱི་ཁོར་ཡུག་དང་དགེ་འདུན་པའི་གསུང་སྐད་སྙན་པོ། རླུང་གིས་སྒུལ་བའི་དྲིལ་བུའི་སྐད་དང་ཅོང་སྒྲ་སོགས་ཀྱིས་མི་ལ་ཞི་བདེའི་ཚོར་བ་ཞིག་སྟེར། མོན་ཡུལ་གྱི་ལོ་སར་དང་རྟ་དབང་དགོན་པའི་གཏོར་རྒྱག་གཉིས་ནི་ལོ་གཅིག་གི་དུས་ཆེན་ཆེ་ཤོས་གཉིས་ཡིན་འདུག མོན་ཡུལ་དུ་བསྐྱོད་པའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་དགོན་པའི་ནང་དུ་འདོན་པ་མཉམ་དུ་འདོན་དགོས་པའི་སྐུལ་ལྕག་གཏོང་གི་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG